83337

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུ་ (1)
Part of speech མིང་ཚིག
Definition ཆུ་བཟང་རྭ་ལོ་ཐང་དུ་ཡབ་གསེར་འོད་སྐྱབས་དང་ཡུམ་ལྷ་མོ་བྱམས་གཉིས་ཀྱི་སྲས་སུ་ཕྱི་ལོ ༡༨༧༣ ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་སྐུ་བལྟམས། མཚན་ལ་རྡོ་རྗེ་ཚེ་རིང་རབ་བརྟན་ཞེས་གསོལ། ལྷུམས་སུ་ཞུགས་སྐབས་ཡུམ་གྱི་མནལ་ལམ་དུ་ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་བེེ་ཌཱུ་རྱའི་རྡོ་རྗེ་འོད་འབར་བ་ཞིག་པང་དུ་ལྷུང་བ་དང་། ཡབ་ཀྱི་མནལ་ལམ་དུ་སྡོད་ཁང་གི་དྲ་མིག་ནས་ཉི་མའི་དཀྱིལ་འཁོར་གཟི་བརྗིད་ཆེར་འབར་བ་ལྟ་བས་མི་ངོམས་པ་ཞིག་ཤར་བ་སོགས་ངོ་མཚར་བའི་རྨི་ལྟས་དུ་མ་བྱུང་། སྐུ་བལྟམས་པ་ན་ཕྱག་གཡས་པའི་མཐིལ་དུ་རྡོ་རྗེ་རྩེ་ལྔ་བའི་རི་མོ་རྣམ་པར་གསལ་བ་སོགས་ཕྱག་ན་རྡོ་རྗེ་མི་ཡི་གར་དུ་ཟློས་པའི་མཚན་མ་མང་། འོན་རྒྱལ་སྲས་རིན་པོ་ཆེ་དང་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་རྣམ་གཉིས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ༡༨༧༨ ལོར་ཕེབས་བསུའི་སྤྲོས་པ་དང་བཅས་རྨ་མགུར་རྣམ་རྒྱལ་གླིང་དུ་ཁྲི་འདོན་གྱི་མཛད་སྒོ་རྒྱ་ཆེར་བྱས། ཁྲི་ཆེན་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་རྒྱ་མཚོ་ལས་འཕྲལ་སྦྱོར་གྱི་ཀློག་བསླབས་ཞིང་། བྱམས་ཆོས་སོགས་ལུང་འགའ་ཡང་ཞུས། དགུང་ལོ་བདུན་པར་ཐར་ཤུལ་རིན་པོ་ཆེ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ནས་ལྗགས་ལུང་འགའ་ཞིག་ཞུས། ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་མཛད་འཕྲིན་བཞིན་ཡོང་བར་ལུང་བསྟན། དགོང་ལོ་བརྒྱད་པར་གཞུང་རྒྱ་སྨྲ་བ་བློ་བཟང་ཤེས་རབ་བསྟེན་ནས་གྲྭ་རྐྱང་དཀྱུས་མའི་བརྟུལ་ཞུགས་ཀྱིས་སློབ་གཉེར་རྡོ་རུས་ཐུག་པ་གནང་། བཅོ་ལྔ་པ་ནས་བཟུང་ཞྭ་དམར་ཚང་དང་ཤིང་བཟའ་ཚང་ལས་ཟབ་ཆོས་མང་དུ་གསན། དགུང་ལོ་བཅོ་བརྒྱད་པར་སེམས་བསྐྱེད་ཚོགས་ལངས་མཛད་སྐབས་ལུང་རིགས་དང་རྩོད་ཉམས་སོགས་སྒོ་གང་ཐད་ནས་རིག་སྨྲ་ཀུན་གྱི་ཡིད་འཕྲོག་ཅིང་དགའ་དད་འགྲན་བཞིན་འཕེལ་བར་བྱས། བར་མཚམས་ཤིག་ཏུ་གསང་འདུས་འཇམ་པའི་རྡོ་རྗེ་སོགས་ཀྱི་བསྙེན་པའང་མཛད། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས་ཏེ། གསུང་ཆོས་དང་བསྔོ་སྨོན་རྒྱ་ཆེར་གནང་། ཉི་ཤུ་བར་ཤིང་བཟའ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོ་ལས་བསྙེན་པར་རྫོགས། རྗེ་དེ་ཉིད་བླ་མའི་གཙོ་བོར་མཛད་ཅིང་ཞལ་ནས་མཁས་བཙུན་བཟང་གསུམ་དང་མཛད་པའི་ཆ་ཤས་རེ་ཡང་བསྟན་འགྲོའི་དོན་འབའ་ཞིག་ཏུ་གྱུར་བའི་ཚུལ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་དད་པ་ཤུགས་དྲགས་ཡོད་གསུངས། ཞྭ་དམར་རིན་པོ་ཆེའི་བཀས་དགེ་བཤེས་ལྷ་རམས་པ་ངག་དབང་ཚུལ་ཁྲིམས་མཆོག་གིས་འཛིན་གྲྭ་གོང་འོག་ལ་དཔེ་ཁྲིད་གནང་སྐབས་དྲང་ངེས་རྣམ་འབྱེད་ཀྱི་དཔེ་ཁྲིད་གསན་ཞིང། དཔེ་ཁྲིད་དཔེ་གཟིགས་སོགས་ཀྱི་སྐབས་སྐུ་ཆིངས་ཙམ་ཡང་མ་གྲོལ་བར་ཉིན་མཚན་འདའ་བར་མཛད་པས་བློ་གྲོས་ཀྱི་པད་མོ་ཆེ་ཆེར་རྒྱས་ཞིང་མཁས་པའི་རྩེར་སོན། ཉེར་གསུམ་པར་རིག་སྨྲའི་ཁྱུ་མཆོག་དཔའ་རིས་རབ་གསལ་ཚང་བདེ་ཆེན་དུ་གྲྭ་སྐོར་ཆེད་ཕེབས་པར་ཤངས་ལེན་བཀུར་གཟོས་དཔེ་མེད་དང་། ཚད་མ་རྣམ་འགྲེལ་གྱི་བརྒལ་བརྟག་ལུང་རིགས་ཀྱི་སྤྲོས་པ་དང་བཅས་གནང་བས་ཕྱིས་སུ་དགེ་བཤེས་ཉིད་གཟིམ་ཤག་ཏུ་ཕེབས་ནས་ཕྱག་ཟུང་ཐལ་མོ་སྦྱར་ཏེ་མཁྱེན་དཔྱོད་ལ་གཅམ་བུ་ཙམ་མིན་པའི་བསྔགས་བརྗོད་རྒྱ་ཆེར་གནང་། ཕྱིས་སུ་མཁས་པའི་ཡོན་ཏན་གྱི་ཐུགས་དྲངས་ཏེ་སྐུ་འབུམ་དུ་ཆེད་གཉེར་གྱིས་་ཕེབས་ནས་ཀུན་མཁྱེན་ཕར་ཕྱིན་སྐབས་བརྒྱད་ཀ་ཟུར་བཀོལ་དང་བཅས་གསན་ཞིང་། སློབ་གཉེར་དང་དགེ་སྤྱོར་ལ་འགྲུས་པར་མཛད། ༡༩༠༠ ལོར་སྒར་གཞུང་ཚོམས་ཆེན་ངོ་མཚར་དགེ་ལེགས་སྤུངས་པའི་ཕོ་བྲང་རྟེན་དང་རྟེན་པ་ལེགས་པར་གྲུབ་སྟེ་ཁྲི་ཆེན་མཆོག་དང་རྣམ་གཉིས་དབུ་བཞུགས་ཀྱིས་དགའ་སྟོན་རྒྱ་ཆེར་གནང་། ལོ་རྡོ་རྗེ་བྲག་ཏུ་དགེ་བཤེས་སངས་རྒྱས་ཆོས་གྲགས་པ་ལས་དབུ་མའི་སྐོར་རྩ་འཇུག་གི་རྣམ་བཤད་གཉིས་དང་ཡིག་ཆ་བཅས་གསན། སུམ་ཅུ་བར་ཞྭ་དམར་ཚང་སྟོན་འཁོར་དང་བཅས་མགུར་དགོན་རྙིང་དུ་བསུས་ནས་དབང་ལུང་མན་ངག་མང་དུ་མནོས། ཆུ་དགྲའི་རྐྱེན་པས་མགུར་དགོན་གནས་གཞི་གསར་བར་སྤོས་པ་ ༡༩༠༥ ལོར་གཙུག་ལག་ཁང་གྲྭ་ཤག་དང་བཅས་ཕལ་ཆེར་གྲུབ་པར་མཛད། སོ་བདུན་པར་ཀུན་མཁྱེན་སྐུ་ཕྲེང་བཞི་བ་སྣང་རའི་གསེར་ཁང་དུ་ཕེབས་པར་ཤངས་ལེན་གཟབ་རྒྱས་དང་། ༸གོང་ས་རྒྱལ་བའི་དབང་པོ་བྱ་ཁྱུང་དུ་ཕེབས་པ་དང་ཞལ་མཇལ་གྱིས་དངོས་འབུལ་སྤམ་མཐོ་བ་བཏེགས་ནས་ཨུརྒེར་ཆེན་མོར་གདན་ཞུས་ཀྱིས་ཐུགས་མཉེས་པའི་མཆོད་སྤྲིན་བསྟར་ཞིང་ཟབ་ཆོས་དུ་མ་ཞུས། ལྕགས་བྱ་ལོར་ཟི་ལིང་གི་མཁས་པ་མི་གསུམ་གྱི་ལྷ་ཁང་ཅུ་མུན་ནས་དམག་ར་བྱེད་རྩིས་ཡོད་པ་རྗེ་འདིས་རྟེན་དང་རྟེན་པ་བཅས་པ་རིམ་པས་ལེགས་པར་བཞེངས་ནས་ཨ་བྷན་གཙོས་ཡ་མུན་གྱི་དཔོན་པོ་རྣམས་དང་བཅས་པས་ལྷ་ཁང་འདིའི་བདག་པོ་རྗེ་ཉིད་མ་གཏོགས་གཞན་མེད་པའི་ཡིག་འཇོག་ཀྱང་མཛད། དེ་ལྟར་བསྟན་འགྲོའི་དོན་འབའ་ཞིག་མཛད་མུར་ཕྱི་ལོ་ ༡༩༢༧ ལོར་ཞི་བར་གཤེགས་སོ། །

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུ་

|; |@@@ | | }}