83339

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་འདི་བ་ནི་ ༡༩༢༨ ལོར་མདའ་བཞིའི་གསེར་རྐོན་ཚོ་གསུམ་དུ་ཡབ་ལྷུན་གྲུབ་དང་ཡུམ་དཔའ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ལ་མོ་སྒར་གཞུང་གི་ཕྱག་མཛོད་ཆེན་མོ་དགེ་འདུན་ཕུལ་བྱུང་དང་ལྡོང་སྐུ་སྐྱེ་ངག་དབང་ཚུལ་ཁྲིམས་སོགས་དབུས་སུ་ལན་གཉིས་ཕྱིན་མཐར༸རྒྱལ་དབང་བཅུ་གསུམ་པ་ཆེན་པོས་ཡང་སྤྲུལ་ངོས་འཛིན་གྱི་བཀའ་ཤོག་གནང་། ༡༩༣༡ ལོར་དགོན་མ་ལག་བཞི་བཅུ། མང་འབལ་བྱ་གསུམ། སྣང་རའི་གྲོང་བརྒྱད། མདའ་ཚན་ཚོ་བདུན་སོགས་ཀྱི་བླ་གྲྭ་སྐྱ་སེར་མང་པོ་བདེ་ཆེན་སྒར་གཞུང་དུ་འཛོམས་ནས་ཇོ་བོ་ལོ་ཀེ་ཤྭོ་རའི་མདུན་སར་བཀའ་ཡིག་རིན་པོ་ཆེ་ཞལ་ཕྱེས་ནས། མཆོག་སྤྲུལ་ཡབ་ཡུམ་དང་བཅས་པའི་མཚན་གསལ་བར་བཀོད་ཡོད་པར་ཀུན་གྱིས་ངེས་པ་རྙེད། དགུང་ལོ་དྲུག་པར་ཕེབས་བསུ་རྒྱ་ཆེན་དང་བཅས་བདེ་ཆེན་དུ་ཁྲི་སར་བཀོད། བདུན་པར་ཐར་ཤུལ་རིན་པོ་ཆེ་ལས་རབ་ཏུ་བྱུང་། རྗེ་འདི་བ་ལས་སྔ་ཕྱིར་བཀའ་འགྱུར་ལྗགས་ལུང་དང་། དུས་འཁོར་དབང་ཆེན་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། བརྒྱད་པར་རྗེ་བླ་ཁོ་རིན་པོ་ཆེར་ཆོས་འབྲེལ་ཞུས། ཕྱིས་སུ་བསྙེན་རྫོགས་ཡང་བསྒྲུབས། བཀའ་ཆོས་མང་དུ་གསན་ཞིང་ཐུགས་རྩིས་ཆེ། པཎ་ཆེན་དགུ་བ་ལས་དུས་འཁོར་དབང་ཆེན་སོགས་གསན། བདེ་ཆེན་དུ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་ལས་གཞུང་ཆེན་གསན་སྦྱོང་དང་། ཕྱིས་སུ་རབ་འབྱམས་པའི་མཚན་བཏགས་ཀྱང་བཞེས། བཅུ་བཞི་བ་ནས་བྱ་གཞུང་། མང་འབལ་སྟོད་སྨད། བ་ཡན་དགེ་ཕྱུག་དགོན་སོགས་སུ་སེར་སྐྱ་སྟོང་ཕྲག་མང་པོར་གསུང་ཆོས་བསྩལ། སྔ་ཕྱིར་རྨ་མགུར་གྱི་གཙོས་རང་དགོན་ཁག་གི་འཆད་ཉན་དང་། སྒྲིག་ལམ་ཆོས་སྤྱོད་སོགས་ལ་དག་ཐེར་དང་། ཉམས་གསོ་དཔེ་མེད་མཛད། ཉེར་གཉིས་པར་མདའ་བཞིར་སེར་སྐྱ་ཆིག་ཁྲི་དུ་མ་འདུས་པར་དུས་འཁོར་དབང་ཆེན་བསྩལ། ཉེར་བཞི་པར་སྐུ་འབུམ་གྱི་ཁྲིར་ཕེབས། པཎ་ཆེན་བཅུ་བ་ཆེན་པོས་དུས་དབང་གནང་སྐབས་མཎྚལ་བཤད་པ་གནང་བས་ཐུགས་མཉེས་པའི་མཆོད་སྤྲིན་དུ་གྱུར། པཎ་ཆེན་རིན་པོ་ཆེ་དབུས་ཕེབས་ཀྱི་སྐྱེལ་མ་དང་བཅས་དངུལ་སྒོར་ཁྲི་ཚོ་བཅུ་བཞི་ལྷག་ཕུལ། ༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་ལ་དངུལ་སྒོར་ཁྲི་ཕྲག་གཅིག་དང་གོས་ཕྲུགས་དུ་མའི་ཕྱག་རྟེན་ཕུལ་ནས་ཞལ་མཇལ་ཞུས། ཇོ་ཤཱཀ་རྣམ་གཉིས། སེ་འབྲས་དགེ་གསུམ་ལ་མཆོད་འབུལ་དང་། པོ་ཏཱ་ལར་༸སྐྱབས་མགོན་རིན་པོ་ཆེར་ལོ་སར་དུས་སྟོན་དང་འབྲེལ་བར་ཞལ་མཇལ་ཞུས། བཀྲ་ཤིས་ལྷུན་པོར་༸པཎ་ཆེན་རིན་པོ་ཆེར་མཇལ་ཁ་དང་འདུས་མང་ལ་བསྙེན་བཀུར་ཕུལ། ༡༩༥༤ལོར་དཀར་ཐང་མར་ཁུའི་མཚོ་མོར་དུས་འཁོར་དབང་ཆེན་གནང་། ༡༩༥༥ལོར་སྐུ་འབུམ་དུ་༸གོང་ས་མཆོག་ལ་ཐུགས་རྗེ་ཆེན་པོའི་དབང་དང་བླ་མའི་རྣལ་འབྱོར་སོགས་ཞུས། གཏང་རག་གི་མཎྚལ་སྐུ་གསུང་ཐུགས་རྟེན། གོས་ཕྲུག་དངུལ་སྒོར་ཁྲི་ལྔ་བཅས་ཕུལ་ཞིང་ཞབས་པད་བརྟན་ཞིང་། མཛད་འཕྲིན་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་གནང་། ༡༩༥༨ལོ་ནས་འགོ་ཁྲིད་སྣ་ཚོགས་ཀྱི་ཕྱག་ལས་གནང་། ༡༩༧༨ལོའི་ཟླ་༥བའི་ཚེས་༣༠ ཉིན་ཞི་བར་གཤེེགས། སྐུ་གདུང་ལ་ཐུགས་ལྗགས་སྤྱན་གསུམ་བྱོན་པ་སྐྱེ་འགྲོའི་བསོད་ནམས་ཀྱི་རྟེན་དུ་བཞུགས་སོ། །

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་

|; |@@@ | | }}