83765
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སློབ་ལམ་དུ་ཐོབ་པ་ནི་འདོད་པའི་འཆིང་བ་ཀུན་ལྡན་ནམ། དགུ་པའི་བར་ལྡན་པའི་ཆགས་བཅས་ཀྱི་གང་ཟག་གཉིས་ཀྱིས་སྐད་ཅིག་བཅུ་དྲུག་ལ་བདེན་པ་བཞི་ཤེས་དང་། ཆོས་ཤེས་རྗེས་ཤེས་དྲུག་ཐོབ་ལ། འདོད་པ་ནས་ཅི་ཡང་མེད་པའི་བར་ལ་ཆགས་བྲལ་ཡིན་པས་ཕ་རོལ་སེམས་ཤེས་ལྷག་པས་སོ། །བཅུ་དྲུག་པོ་དེའི་གོང་མ་འདོད་པའི་ཆགས་བཅས་ཀྱི་གཉེན་པོ་བར་ཆད་མེད་ལམ་དགུ་པ་མན་ཆད་ཀྱི་སྒོམ་པའི་ལམ་ཐམས་ཅད་ལ་སྔར་གྱི་དྲུག་དང་ཀུན་རྫོབ་ཤེས་པ་དང་བདུན་ཐོབ་བོ། །བསམ་གཏན་བཞི་དང་གཟུགས་མེད་པ་དང་པོ་གསུམ་སྟེ་ས་བདུན་པ་ལས་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་རྣམས་དང་། སློབ་པའི་མངོན་ཤེས་དང་པོ་ལྔ་ཐོབ་པར་བྱེད་པའི་བར་ཆད་མེད་ལམ་ལ་བདུན་ཐོབ་སྟེ། ཕ་རོལ་སེམས་ཤེས་དང་ཤེས་པ་ཐམས་ཅད་དམ་གཉིས་མ་གཏོགས་པའོ། །རྟོགས་པའི་སྐལ་བ་ཅན་དབང་པོ་འཕོས་ཏེ་མི་གཡོ་བ་ཐོབ་པར་བྱེད་པའི་བར་ཆད་མེད་ལམ་ལ་བདུན་ཐོབ་སྟེ། ཟག་མེད་དྲུག་ལ་སེམས་ཤེས་བསྣན་པས་སོ། །སློབ་པའི་བསམ་གཏན་སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་དག་ལ་བདུན་ཐོབ་སྟེ། ཟག་མེད་དྲུག་དང་ཀུན་རྫོབ་ཤེས་པའོ། །ས་བདུན་གྱི་གོང་མ་སྲིད་རྩེ་ལས་རྒྱལ་བར་བྱེད་པའི་རྣམ་པར་གྲོལ་དང་པོ་བརྒྱད་ལའང་། ཟག་མེད་དྲུག་དང་སེམས་ཤེས་ཏེ་བདུན་ཐོབ་སྟེ། རྣམ་གྲོལ་ལམ་ལ་ཕ་རོལ་སེམས་ཤེས་མ་བཀག་པས་སོ། །སློབ་པ་དབང་སྦྱོང་པའི་རྣམ་པར་གྲོལ་བ་ལ་ཆགས་བཅས་ཡིན་ན་ཟག་མེད་དྲུག་དང་། ཆགས་བྲལ་ཡིན་ན་སེམས་ཤེས་དང་བདུན་ཐོབ་བོ། །སློབ་པ་དབང་པོ་སྦྱོང་བའི་བར་ཆད་མེད་ལམ་ལ་དྲུག་དང་དེ་བཞིན་སྲིད་རྩེ་ལས་རྣམ་པར་རྒྱལ་བྱེད་པའི་བར་ཆད་མེད་ལམ་ལ་དྲུག་ཐོབ་བོ། །དེའི་རྣམ་གྲོལ་ལམ་དགུ་པ་ཟད་པ་ཤེས་པ་ལ་རྟུལ་པོས་མི་སྐྱེ་བ་ཤེས་པ་མ་གཏོགས་པ་དགུ་དང་། མི་གཡོ་བའི་ཆོས་ཅན་གྱིས་ནི་བཅུ་ཅར་ཐོབ་བོ། །ལྷག་མ་ལ་སློབ་པས་ཟད་པ་དང་མི་སྐྱེ་བ་ཤེས་པ་མ་གཏོགས་པ་བརྒྱད་ཐོབ་སྟེ། ཆགས་བཅས་སྒོམ་ལམ་གྱི་རྣམ་གྲོལ་ལམ་དགུ་པ་དང་། ས་བདུན་པ་ལས་རྒྱལ་བ་མངོན་ཤེས་སྤེལ་སྒོམ་གྱི་རྣམ་གྲོལ་ལམ་དང་། མི་གཡོ་བ་རྟོགས་བྱེད་ཀྱི་རྣམ་གྲོལ་ལམ་དང་པོ་བརྒྱད་དང་། ཕྱིར་མི་འོང་གི་སྦྱོར་བ་དང་ཁྱད་པར་གྱི་ལམ་རྣམས་ཏེ། དེ་གཉིས་ཀྱི་ཐོབ་པ་མ་གཏོགས་པའི་ལྷག་མའོ། །མི་སློབ་པ་ནི་དབང་པོ་རྟུལ་རྣོའི་བྱེ་བྲག་གིས་མངོན་ཤེས་དང་སྤེལ་སྒོམ་ལམ་གྱི་སྦྱོར་བ་དང་། བར་ཆད་མེད་ལམ་ལ་སེམས་ཤེས་དོར་བས་བརྒྱད་དང་དགུ་ཐོབ་བོ། །སོ་སྐྱེ་ནི་ཀུན་རྫོབ་ཤེས་པ་དང་རེ་འགའ་སེམས་ཤེས་ཀྱང་ཐོབ་བོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |