83837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་དུ་བལ་ཐོགས་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེ་ལས་འཆར་ཀ་མ་གཏོགས་པ་རྣམས་ཀྱིས་བལ་ཁུར་ཏེ་འོངས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བ་དང་། དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁུར་ཚ་བ་མེད་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་ལས་འདས་པར་བལ་ཁུར་ཁྱེར་བ་དང་། ཁུར་ཚ་བ་ཡོད་བཞིན་དུ་དགེ་སློང་རང་གིས་ཁུར་ན་རྒྱང་གྲགས་གཅིག་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་འཁུར་བའི་དངོས་པོ་དང་། གང་དུ་འཁུར་བའི་ལམ་མོ། །དང་པོ་ལ་ལྔ་ལས། གོས་ཀྱི་རྒྱུ་བལ་མཚན་ཉིད་དང་ལྡན་པ་དང་། ངོ་མ་སྤོས་པ་དང་། དེའང་དངོས་གཞིའི་ཉེས་པ་མེད་པ་དང་། བདག་པོ་རང་ཉིད་ཀྱི་ཡིན་པ་དང་། རུང་བ་དང་། ཁུར་དུ་ལོངས་པའི་ཚད་དང་ལྡན་པ་སྟེ། གཞན་དུ་ན་རྣམ་འབྱེད་འགྲེལ་ལས་ཞྭ་ལ་སོགས་པའི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ལྟུང་བ་མེད་པ་ནི། དེ་ལ་ཁུར་བ་མེད་པའི་ཕྱིར་རོ་ཞེས་སོ། །གཉིས་པ་གང་དུ་ཁུར་བའི་ལམ་ནི། ས་ལ་བརྟེན་པའི་ལམ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་ཡིན་པའོ། །བསམ་པའི་ཡན་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་བལ་འཁུར་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་བ་ཕྱེད་ཕྱེད་ཉི་མ་ཐ་དད་ཀྱིས་བར་དུ་བཅད་པ་མ་ཡིན་པར་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདས་པར་བལ་ཁུར་ཏེ་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་རྒྱང་གྲགས་ལས་འདས་པའོ། །ཞེས་པ་ལྟར་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདི་ལ་བཞི་ལས། གཞི་ལ་དངོས་པོ་བལ་རུང་ཁུར་ཚད་དུ་ལོངས་པ་རང་དབང་བ། ངོ་མ་སྤོས་པའོ། །ལའམ་སའམ་ཆུ་ལ་བརྟེན་པ་རྒྱང་གྲགས་གཅིག་ཏུ་ལོངས་པའོ། །བདག་ཉིད་རྫུ་འཕྲུལ་དང་། སྤྲུལ་པའི་གནས་སྐབས་མ་ཡིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པའོ། །ཀུན་སློང་ཁུར་ཏེ་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །དགེ་སློང་གིས་བལ་ལ་སོགས་པའི་ཁུར་ཆེན་པོ་ཁུར་ནས་ཉི་མ་གཅིག་གི་ནང་དུ་རྒྱང་གྲགས་ཙམ་ཕྱིན་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། ལམ་དུ་འགྲོ་བ་ནི་རྒྱང་གྲགས་ཀྱི་བདག་ཉིད་དོ། །ཕྱེད་དུ་ན་སྦྱོར་བའོ། །ཞེས་དང། གྲོང་ཁྱེར་ནས་ནི་གྲོང་ཁྱེར་དུ། །རྒྱང་གྲགས་གཅིག་ཁུར་ལྟུང་བ་ཡིན། །ཞེས་གསུངས་པའི་ཕྱིར། རྒྱང་གྲགས་ཕྱེད་དུ་ཁུར་ན་ཉེས་བྱས་ཡིན་ནོ། །འདི་ནི་དྲུག་སྡེས་བལ་གྱི་ཁུར་ཆེན་པོ་ཁུར་ནས་ཡོངས་པའི་ཚེ་སྐྱེ་བོ་འགའ་ཞིག་ནི་སྐྲག འགའ་ཞིག་ནི་མ་དད་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།