83844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་དུས་ཀྱི་བྱང་ཆུབ་བཞི་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སྐད་ཅིག་གཅིག་ནི་ཡེ་ཤེས་རྡོ་རྗེ་དང་། རྣམ་པ་ལྔ་ནི་ཐུགས་རྡོ་རྗེ་དང་། རྣམ་པ་ཉི་ཤུ་ནི་གསུང་རྡོ་རྗེ་དང་། སྒྱུ་འཕྲུལ་དྲྭ་བ་ནི་སྐུ་རྡོ་རྗེའོ། །གནས་ལུགས་རང་བཞིན་བདེ་བ་ཆེན་པོ་གཅིག་པུར་གནས་པ་དང་། ལམ་བསྒོམས་པས་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་བདེ་བའི་སྐད་ཅིག་རྣམས་རྒྱུན་མི་འཆད་ཅིང་རྣམ་པ་མི་འགྱུར་བ་དང་། སྐད་ཅིག་རྣམས་ཀྱང་ངོ་བོ་གཅིག་ཏུ་གནས་པའི་ཕྱིར། མི་འགྱུར་བའི་བདེ་བ་སྒྲིབ་བྲལ་དེ་ནི། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཆོས་ཉིད་ཁམས་ལྔའི་དྭངས་མ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་ཞེས་སོགས་ཀྱི་རིམ་པས། ལམ་དུས་སུ་ཡང་ཕུང་པོ་ལྔ་དང་ཁམས་ལྔ་རང་བཞིན་སྟོང་ཉིད་དང་ཞུ་བདེ་ཟུང་འཇུག་ཏུ་དག་པར་བྱེད་པའི་ཕྱིར། རྗེས་དྲན་གྱི་རྣལ་འབྱོར་སོགས་གཏུམ་མོ་ནི། རྣམ་པ་ལྔས་བྱང་ཆུབ་པའོ། །གནས་ལུགས་སྟོང་ཉིད་ཉི་ཤུའི་བདག་ཉིད་ཅན་ཡིན་པ་དང་། ལམ་སྒོམ་པས་ཀྱང་། དབང་པོ་ལྔ་དང་། ཡུལ་ལྔ་དང་། ལས་དབང་ལྔ་དང་། བྱ་བ་ལྔ་སྟེ་ཉི་ཤུ་གཏུམ་མོའི་ཡེ་ཤེས་ཀྱི་མེས་བཅོམ་ཤིང་ཞུ་བདེས་བྱིན་གྱིས་བརླབས་པས་དབང་ཡུལ་བྱ་བྱེད་དང་བཅས་པ་རང་བཞིན་སྟོང་པ་ཉིད་དུ་རྟོགས་པར་འགྱུར་བའི་ཕྱིར། གཏུམ་མོའི་སྣང་བའི་སྐུ་གཞོམ་མེད་གྱི་སྒྲ་དང་བཅས་པ་དེ་ནི་རྣམ་པ་ཉི་ཤུས་བྱང་ཆུབ་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་སྲིད་གསུམ་སྒྱུ་མས་རྣམ་པར་འཕྲུལ་པ་ལྟ་བུ་ཡིན་ལ། ལམ་གྱི་དུས་ན་ཡང་སྟོང་པ་ཉིད་ཀྱི་གཟུགས་བརྙན་རབ་འབྱམས་སུ་སྣོད་བཅུད་ཐམས་ཅད་དག་པར་བྱེད་པའི་ཕྱིར་དང་། སྟོང་གཟུགས་ནི་རྣམ་པར་འཕྲུལ་པ་མཐའ་ཡས་པའི་ཕྱིར། སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པའོ། །
Domain ཆོས་ལུགས།