83972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེས་ཀྱི་བྱེད་ལས་ཀྱི་ཡན་ལག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལྟ་བུའི་རང་བཞིན་ཅན་གྱི་བྱེད་ལས་ནི། གཞན་དོན་བྱེད་པའི་ལས་ཅན་ཡིན་ཏེ། རྫོགས་སྨིན་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་དང་། མི་དམིགས་པའི་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ཐབས་ལ་མཁས་པས། དང་པོར་སེམས་ཅན་འཁོར་དུ་མ་བསྡུས་པ་ཡོངས་སུ་སྡུད་པ་དང་སོགས་པ་སྨིན་ཅིང་གྲོལ་བར་བྱེད་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། བྱེད་ལས་ནི་དེའི་ལས་ཞེས་ཏེ་གཞན་དོན་བྱེད་པའི་དགོས་པ་ཡོད་དོ་ཞེས་བསྟན། གཞན་དོན་བྱེད་ན་ཡུལ་གང་ལ། ཚུལ་ཇི་ལྟར། ལམ་གང་ཞིག་བསྟན་པའི་སྒོ་ནས་བྱེད་ཅེ་ན། ཡུལ་ནི་རིགས་ཅན་གསུམ་ལའོ། །ཚུལ་ནི་སེམས་ཅན་འཁོར་དུ་མ་བསྡུས་པ་བསྡུས། བསྡུས་པ་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་པར་བྱེད་པའི་ཚུལ་གྱིས་སོ། །དེ་ཡང་ལམ་དུ་མ་ཞུགས་པ་རྣམས་ཐེག་པ་གསུམ་གྱི་ཚོགས་ལམ་ལ་འགོད་པ་ནི་དང་པོ། ཚོགས་ལམ་པ་རྣམས་སྦྱོར་ལམ་ལ་འགོད་པ་ནི་གཉིས་པ། སྦྱོར་ལམ་པ་རྣམས་མཐོང་ལམ་ལ་འགོད་པ་ནི་གསུམ་པ། རིགས་ཅན་འོག་མ་གཉིས་དང་། གོང་མའི་མཐོང་ལམ་པ་རྣམས་སྒོམ་ལམ་ལ་འགོད། སྒོམ་ལམ་པ་རྣམས་མི་སློབ་ལམ་ལ་འགོད་པ་ནི་བཞི་པ་ཡིན་ལ། བྱང་སེམས་ཀྱི་རིགས་ཅན་རྣམས་རང་དང་རྟོགས་པ་མཉམ་པ་ཙམ་ལ་འགོད་ནུས་ཀྱི། རང་ལས་ལྷག་པ་ལ་འགོད་མི་ནུས་པས་དེ་ནི་བྱང་སེམས་གོང་མ་རྣམས་དང་སངས་རྒྱས་རྣམས་ཀྱི་མཛད་པ་ཡིན་ནོ། །ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། ། པཎ་ཆེན་ཤཱཀ་མཆོག་གིས། མཚན་ཉིད་ནི། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ལ་གནས་ནས་གཞན་དོན་བྱེད་པའི་ལས་དེའོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།