83976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལམ་ཤེས་ཀྱི་རང་བཞིན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་བཞིན་དང་ནི་ཞེས་པས། རྒྱུ་ལམ་ཤེས་དེ་ཉན་རང་གི་རྒྱུད་ཀྱིས་བསྡུས་པའི་ལམ་ལས་ཁྱད་པར་འཕགས་ཚུལ་མདོར་བསྟན་ནས། དེ་འགྲེལ་པས་ཁ་བསྐངས་ནས་རྒྱས་པར་འཆད་པ་ལ་འདི་བྱུང་། ངག་དོན་ནི། དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ཀྱི་རྒྱུད་ཀྱི་ལམ་ཤེས་ཆོས་ཅན། ཉན་རང་གི་རྒྱུད་ཀྱི་ལམ་ལས་ཁྱད་པར་དུ་འཕགས་ཏེ། འདོད་གཟུགས་ཀྱི་འདོད་ཆགས་ཆེད་དུ་གཉེར་ནས་མི་སྤོང་བ་གཞན་དོན་བྱེད་པའི་ཡན་ལག་ཏུ་སྒྱུར་བའི་རྒྱལ་སྲས་འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། དེས་ན་འདོད་གཟུགས་ཀྱི་འདོད་ཆགས་དེ། འདིར་བསྟན་གྱི་ཉོན་མོངས་ཡིན་ཅིང། དེ་ཡང་དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ཀྱིས་འདོད་པའི་འདོད་ཆགས་གཞན་དོན་བྱེད་པའི་ཡན་ལག་ཏུ་སྒྱུར་བའི་ཚུལ་ཡང་ཡོད་དེ། དེ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བ་བླངས་ནས་གཞན་དོན་བྱེད་པའི་ཕྱིར། དེས་གཟུགས་ཀྱི་འདོད་ཆགས་དེར་སྒྱུར་བའི་ཚུལ་ཡོད་དེ། དེས་གཟུགས་ཁམས་སུ་སྐྱེ་བ་བླངས་ནས། གཟུགས་ཁམས་ཀྱི་བདེ་བ་ལ་ལོངས་སྤྱོད་པའི་སྒོ་ནས་གཞན་དོན་བྱེད་པའི་ཕྱིར། འདོད་པའི་སས་བསྡུས་ཀྱི་འཇིག་ལྟ་ལྷན་སྐྱེས་དང༌། མ་རིག་པ་གཉིས་ནི་འདིར་བསྟན་གྱི་ཉོན་མོངས་མ་ཡིན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་འཕགས་ཀྱིས་དེ་གཉིས་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར་ཏེ། འགྲེལ་ཆེན་ལས། མ་རིག་པ་དང་ལྟ་བས་བསྡུས་པའི་བག་ལ་ཉལ་སྤོང་གི་འདོད་པ་དང་སྲིད་པའི་ཟག་པ་ནི་མ་ཡིན་ཏེ། བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །
Domain ཆོས་ལུགས།