84032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་ཀུན་འབྱུང་བདེན་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཟག་བཅས་ཀྱི་སེམས་བྱུང་སེམས་པ་གང་ཞིག། སྡུག་བདེན་སྐྱེད་པའི་རིགས་སུ་གནས་པ་དེའོ། །རིགས་གནས་སྨོས་པ་ལ་དགོས་པ་ཡོད། སོ་སོ་སྐྱེ་བོའི་རྒྱུད་ཀྱི་གང་ཟག་གི་བདག་མེད་པར་རྟོགས་པའི་སེམས་བྱུང་སེམས་པ་དང༌། ངེས་འབྱུང་རྣམ་དག་དང༌། མཚུངས་ལྡན་གྱིས་སེམས་པ། རྣམས་ཀྱང་ལས་ཀྱི་ཀུན་འབྱུང་བདེན་པར་བསྡུ་བའི་དགོས་པ་ཡོད་པའི་ཕྱིར་ཏེ། དེ་རྣམས་ནི་ཐར་པ་དོན་དུ་གཉེར་བའི་ལས་ཡིན་པའི་ཕྱིར། དེ་ལ་དབྱེ་ན་ཟག་བཅས་ཀྱི་ལུས་ཀྱི་ལས། ངག་གི་ལས། ཡིད་ཀྱི་ལས་དང་གསུམ་རྣམས་སུ་ཡོད་དོ། ཡང་སྡོམ་པའི་ལས་དང༌། སྡོམ་མིན་གྱི་ལས་དང༌། བར་མའི་ལས་དང་གསུམ། དང་པོ་ལ་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་སྡོམ་པ། བསམ་གཏན་གྱི་སྡོམ་པས་བསྡུས་པའི་ལས་དང་རྣམ་པ་གསུམ། ཡང་ན་ལུས་ཀྱི་སྡོམ་པ། ངག་གི་སྡོམ་པ། ཡིད་ཀྱི་སྡོམ་པས་བསྡུས་པའི་ལས་དང་གསུམ་དུ་ཡོད། །སྡོམ་མིན་གྱི་ལས་ནི། སྡོམ་པ་མཐའ་དག་སྐྱེ་བ་ལ་བར་དུ་གཅོད་ཅིང༌། སྡིག་པ་མཐའ་དག་རྒྱུན་ཆགས་སུ་འཕེལ་བར་བྱེད་པའི་ལས་ཡིན་ལ། །བར་མའི་ལས་ནི་སྡོམ་པ་སྡོམ་མིན་རྒྱུད་ལ་མི་ལྡན་པའི་རྒྱུད་ཀྱི་བསྡུས་པའི་ལས་རྣམས་དང༌། སྡོམ་མིན་གྱི་རྒྱུད་ཀྱི་སྡོམ་པས་བསྡུས་པ་ལས་གཞན་པའི་ལས་རྣམས་དང༌། སྡོམ་མིན་གྱི་ལས་ལས་གཞན་པའི་ལས་རྣམས་དང༌། དགེ་མི་དགེ་ལུང་མ་བསྟན་ཅི་རིགས་པ་ཡོད་དོ། །ཡང་དགེ་བའི་ལས། མི་དགེ་བའི་ལས། ལུང་མ་བསྟན་གྱི་ལས་སོ། །བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་སོ། །དང་པོ་ནི། འདོད་པའི་སས་བསྡུས་ཀྱི་དགེ་བའི་ལས་ལྟ་བུ། གཉིས་པ་ནི། མི་དགེ་བའི་ལས་ལྟ་བུ། གསུམ་པ་ནི། གོང་སས་བསྡུས་པའི་ལས་རྣམས་སོ། །ཡང་བདེ་བ་མྱོང་འགྱུར་གྱི་ལས། སྡུག་བསྔལ་མྱོང་འགྱུར་གྱི་ལས། བཏང་སྙོམས་མྱོང་འགྱུར་གྱི་ལས་སོ། །དང་པོ་ནི། བསམ་གཏན་གསུམ་པ་མན་ཆད་ཀྱི་དགེ་བའི་ལས་ལྟ་བུ། གཉིས་པ་ནི། མི་དགེ་བའི་ལས་ལྟ་བུ། གསུམ་པ་ནི། བསམ་གཏན་བཞི་པ་ཡན་ཆདཀྱི་ལས་ལྟ་བུ་སྟེ། ཟག་བཅས་ཀྱི་ཚོར་བ་རྣམས་ཀྱི་ནང་ནས་བཏང་སྙོམས་ཉིད་ཉིས་དམིགས་ཆུང་བའི་ཕྱིར་རོ། །ཡང་འཕེན་བྱེད་ཀྱི་ལས་འགྲུབ་བྱེད་ཀྱི་ལས། རྫོགས་བྱེད་ཀྱི་ལས་སོ། །དང་པོ་ནི། རྣམ་སྨིན་གྱི་ངོ་བོ་ཙམ་འཕེན་པར་བྱེད་པའི་ཡང་སྲིད་ཕྱི་མའི་བརྒྱུད་རྒྱུར་དམིགས་པ་ལྟ་བུ། གཉིས་པ་ནི། ལས་ནུས་པ་མཐུ་ཅན་དུ་གྱུར་ཏེ། ཡང་སྲིད་ཕྱི་མའི་ཉེ་རྒྱུར་དམིགས་པ་ལྟ་བུ། གསུམ་པ་ནི། རྣམ་སྨིན་གྱི་ཁྱད་པར་མཐའ་ཡས་པ་རྫོགས་པར་བྱེད་པའི་ལས་རྣམས་སོ། །ཡང་བསམ་སྦྱོར་གཉིས་ཀ་དགེ་བས་བྱས་པའི་རྣམ་སྨིན་དཀར་བའི་ལས། བསམ་སྦྱོར་གཉིས་ཀ་མི་དགེ་བས་བྱས་པའི་རྣམ་སྨིན་སྣག་པའི་ལས། བསམ་སྦྱོར་དགེ་སྡིག་ཅི་རིགས་ཀྱིས་བྱས་ཤིང༌། རྣམ་སྨིན་བདེ་སྡུག་འདྲེས་མར་གྱུར་པའི་ལས་སོ། །ཡང་མཐོང་ཆོས་ལ་་མྱོང་འགྱུར་གྱི་ལས། སྐྱེ་གནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་བར་འགྱུར་གྱི་ལས་སོ། །དང་པོ་ནི། ལས་བསགས་པའི་ཚེ་དེ་ཉིད་ལ་རྣམ་སྨིན་ཅུང་ཟད་མྱོང་བར་འགྱུར་བའི་ལས་ལྟ་བུ། གཉིས་པ་ནི་ལས་བསགས་པའི་སྐྱེ་སྲིད་རྟིང་མ་ལ་རྣམ་སྨིན་མྱོང་བར་འགྱུར་བའི་ལས་ལྟ་བུ། གསུམ་པ་ནི། ལས་བསགས་པའི་ཚེ་གསུམ་ལ་སོགས་པར་རྣམ་སྨིན་མྱོང་བར་འགྱུར་བའི་ལས་ལྟ་བུའོ། །ཡང་མི་དགེ་བ་བཅུའི་ལས། མཚམས་མེད་པ་ལྔའི་ལས། ཞེས་གསུངས་པ་རྣམས་ཀྱང་ལུས་ངག་ཡིད་གསུམ་གྱི་ལས་ཀྱི་ནང་དུ་འདུས་ཤིང༌།
Domain ཆོས་ལུགས།

{{#arraymap:ལས་ཀྱི་ཀུན་འབྱུང་བདེན་པ་

|; |@@@ | | }}