84048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་ཀྱི་ཆོ་གའི་ངོ་བོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལས་ཀྱི་ཆོ་གའི་ངོ་བོ་ནི་བརྗོད་པ་ཚང་བ་དང་། མ་ནོར་བ། མ་འཁྲུག་པ་ཞིག་དགོས་པ་ཡིན་ཏེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་ལས་ཀྱི་ཆོ་གའི་ངོ་བོ་ཡོད་དེ། བརྗོད་པ་ཚང་བ། མ་ནོར་བ། མ་འཁྲུག་པ་ཞིག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ལས་མ་ཉམས་པ་ཞིག་དགོས་པའི་ཕྱིར་ཏེ། ཉམས་ན་མ་བྱས་པ་ཉིད་དོ། །ཞེས་པའི་མདོ་ལས་སོ། །གཉིས་པ་གྲུབ་སྟེ། དཔེར་ན་མགུ་བ་སྦྱིན་པ་ལྟ་བུའི་ལས་མ་ཡིན་པ་ལ་དེའི་ལས་སུ་འདུ་ཤེས་ཏེ་བྱིན་ཡང་མི་འཆགས་པའི་ཕྱིར་ཏེ། དེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ་ཞེས་པའི་མདོ་ལས་སོ། །གསུམ་པ་གྲུབ་སྟེ། ལས་བྱེད་པའི་ཚེ་གྲལ་ནས་སོང་ན་ཚིག་མ་རྫོགས་པར་རྣམ་པར་འཁྲུགས་པ་སྟེ་ལས་མ་བྱས་པ་དང་འདྲ་བའི་ཕྱིར་ཏེ། བྱེད་པ་ཉིད་ན་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་ཉིད་དོ་ཞེས་པའི་མདོ་ལས་སོ། །དང་པོའི་དམིགས་བསལ་ཡོད་དེ། ཕ་རོལ་པོས་དོན་གོ་བ་ན་གསན་དུ་གསོལ། ཞེས་པ་ལྟ་བུ་ཆད་པ་ལ་ལས་འཆགས་པའི་ཕྱིར་ཏེ། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱིས་སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ་ཞེས་པའི་མདོ་ལས་སོ། །གཉིས་པའི་དམིགས་བསལ་ཡོད་དེ། བསྡིག་པ་ནན་ཏུར་བྱ་བའི་གཞི་ལ་དེ་བྱེད་པའི་བསམ་པས་སྨད་པ་ནན་ཏུར་གྱི་ལས་བྱས་པས་འཆགས་པའི་ཕྱིར་ཏེ། ནན་ཏུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་སོ་ཞེས་པའི་མདོ་ལས་སོ། །གསུམ་པའི་དམིགས་བསལ་ཡོད་དེ། དོན་གོ་བ་ལ་མི་གནོད་ཕྱིན་ཚིག་གོང་འོག་འཁྲུགས་པ་ལ་ཡང་ལས་འཆགས་པའི་ཕྱིར་ཏེ། དོན་གྱི་སྐབས་དག་གི་གོ་རིམ་འཁྲུགས་པས་ནི་མི་འཆགས་པ་མ་ཡིན་ནོ་ཞེས་པའི་མདོ་ལས་སོ། །ཞེས་གསུངས།
Domain ཆོས་ལུགས།