84266

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་བྱེ་བའི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དང་པོ་གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་དབྱེ་བའི་གནས་དང་། གང་དག་དབྱེ་བའི་ཡུལ་དང་། གང་གིས་ལས་ཐ་དད་པར་བྱེད་པའོ། །དང་པོ་ལ་གཉིས་ལས། གླིང་གསུམ་པོ་གང་ཡང་རུང་བ་ཡིན་པ་ཏེ། མཛོད་ལས། ལས་ཀྱི་དབྱེན་ནི་གླིང་གསུམ་ན་ཞེས་པ་དང་། བྱང་གི་སྒྲ་མི་སྙན་ན་སངས་རྒྱས་ཀྱི་བསྟན་པ་མེད་པའི་ཕྱིར་རོ། །མཚམས་གཅིག་གི་ནང་ཡིན་པ་སྟེ། མཚམས་ཀྱི་ནང་དུ་ཞེས་པ་དང་། མཚམས་ཐ་དད་ན་གནས་པ་རྣམས་གསོ་སྦྱོང་ལ་སོགས་པའི་ལས་སོ་སོར་བྱེད་པ་མི་རིགས་པ་མེད་པའི་ཕྱིར་རོ། །གཉིས་པ་གང་དག་དབྱེ་བའི་ཡུལ་ལ་གསུམ་ལས། བརྒྱད་ཡན་ཆད་ཀྱི་གྲངས་ཚང་བ་སྟེ། མཛོད་ལས། དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་པ་དང་། དེ་ལས་གཅིག་གིས་ཉུང་ན་ཡང་། ཕྱོགས་གཉིས་གང་རུང་གཅིག་དགེ་འདུན་དུ་མ་ལོངས་པས་དགེ་འདུན་གྱི་ལས་ཀྱི་དབྱེན་མི་འཆགས་པའི་ཕྱིར་རོ། །ལས་ཀྱི་ཁ་སྐོང་བར་འོས་པ་དགོས་ཏེ། དབྱེན་ལ་འོས་པ་མ་ཡིན་པས་ཚུལ་ཤིང་དག་འབྲིམ་པ་མི་འཆགས་སོ་ཞེས་པའི་གནད་ཀྱིས་འདིར་སྦྱར་རོ། །སོ་སོའི་སྐྱེ་བོའི་དགེ་འདུན་ཡིན་པ་དགོས་ཏེ། ལུང་གཞི་ལས་དོན་དམ་པའི་དགེ་འདུན་གྱིས་ནི་ཆོས་མ་ཡིན་པའི་ལས་བྱེད་པ་མི་འཐོབ་བོ་ཞེས་གསུངས་པས་ཤེས་སོ། །གསུམ་པ་གང་གིས་ལས་ཐ་དད་པར་བྱེད་པ་པོ་ནི་ཆོས་མ་ཡིན་པ་སྨྲ་བ་དག་གིས་ཏེ། ལུང་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། དགེ་སློང་གང་གིས་ཀོའུ་ཤམ་བྷིའི་དགེ་སློང་བྱེ། ཆོས་བཞིན་མ་ཡིན་པ་སྨྲ་བ་དག་གིས་ཏེ། མཚམས་ཀྱི་ནང་དུ་གསོ་སྦྱོང་ཐ་དད་དུ་བྱས་པས་སོ་ཞེས་གསུངས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་མ་འཁྲུལ་བ་སྟེ། འཁྲུལ་ན་དབྱེན་མི་རྫོགས་པའི་ཕྱིར་རོ། །ཀུན་སློང་ནི་ཆོས་འདུལ་བ་ལ་མི་མཐུན་པ་དེ་དང་ལྡན་པར་ཤེས་ནས་ཆོས་མ་ཡིན་པ་ལ་མངོན་པར་ཞེན་ཏེ་ལས་ཐ་དད་དུ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། ལས་ཐ་དད་དུ་བྱེད་པའོ། །བཞི་པ་མཐར་ཐུག་ནི་ལས་གང་ཡང་རུང་བ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་སྟེ། ལས་ཀྱི་དབྱེན་འདི་ནི་སྤྱོད་པའི་དབྱེན་དུ་གཏོགས་པ་ཡིན་ལ། ལྟུང་བ་ནི་སྦོམ་པོར་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།