84270

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལས་བྱེད་མཁན་དགེ་འདུན་གྱི་གྲངས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གྲངས་ཚང་གི་བྱེ་བྲག་བཅུ་གཅིག་སྟེ། དེ་ཡང་བཞི་བཅུའི་གྲངས་ཚང་དང་། ཉི་ཤུའི་གྲངས་ཚང་ནི། དགེ་སློང་མའི་དབྱུང་བ་དང་། དགེ་སློང་ཕའི་དབྱུང་བ་སྟེ། སོ་སོ་ཐར་པའི་མདོ་གཉིས་ལས་གསུངས་སོ། །ཉི་ཤུ་རྩ་གཉིས་ཀྱི་གྲངས་ཚང་ནི། ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ལའོ། །བཅུ་གཉིས་ཀྱི་གྲངས་ཚང་ནི། ཡུལ་དབུས་སུ་སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིས་ཏེ་རྣམ་པ་བཞི་ལའོ། །བཅུ་གཅིག་གི་གྲངས་ཚང་ནི། ཡུལ་མཐའ་འཁོབ་ཏུ་བུད་མེད་བསྙེན་པར་རྫོགས་པར་བྱེད་པར་ལའོ། །བཅུའི་གྲངས་ཚང་ནི། སྐྱེས་པ་ཡུལ་དབུས་སུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་ལའོ། །དགུའི་གྲངས་ཚང་ནི། དགེ་སློང་མའི་དགག་དབྱེ་བྱེད་པ་ལའོ། །བརྒྱད་ཀྱི་གྲངས་ཚང་ནི། དགེ་སློང་མའི་མགུ་བ་སྦྱིན་པ་ལའོ། །དྲུག་གི་གྲངས་ཚང་ནི། ཡུལ་མཐའ་འཁོབ་ཏུ་སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིས་ཏེ་རྣམ་པ་བཞི་ལའོ། །ལྔའི་གྲངས་ཚང་ནི། སྐྱེས་པ་ཡུལ་མཐའ་འཁོབ་ཏུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱས་དང་། དགེ་སློང་གི་དགག་དབྱེ་བྱེད་པ་ལའོ། །བཞིའི་གྲངས་ཚང་ནི། དེ་དག་མ་གཏོགས་པའི་ལས་ཀྱི་ཆོ་ག་གཞན་ཐམས་ཅད་ལ་སྟེ། ལྷག་མ་དག་གིས་ཚོགས་ནི་བཞིའོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་ཆད་ལས་སྤོ་མགུ་སྤྱད་ཚར་བ་སླར་དགེ་སློང་རང་བཞིན་དུ་གནས་པའི་སར་དབྱུང་བའི་ལས་ལ་ཉུང་མཐའ་དགེ་སློང་ཉི་ཤུ། དགེ་སློང་མ་ལྷག་མའི་ལྟུང་བ་ལས་དབྱུང་བ་ལ་དགེ་སློང་ཉི་ཤུ་དང། དགེ་སློང་མ་ཉི་ཤུ་སྟེ་བཞི་བཅུ་ཚང་བ། ཡུལ་དབུས་སུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ། དེར་བུད་མེད་བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ་དང། དགེ་སློང་མ་བཅུ་གཉིས་སྟེ་ཉི་ཤུ་རྩ་གཉིས་ཚང་བ། དབུས་སུ་དགེ་སློབ་མའི་སྡོམ་པ་དང། ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་དང། འཁོར་དང་འཁོར་མང་པོ་འཇོག་པའི་གནང་བ་སྦྱིན་པ་ལ་དགེ་སློང་མ་བཅུ་གཉིས་ཚང་བ། མཐའ་འཁོབ་ཏུ་དགེ་སློང་མ་བྱེད་པ་ལ་དགེ་སློང་ལྔ་དང། དགེ་སློང་མ་དྲུག་སྟེ། བཅུ་གཅིག་ཚང་བ། མཐའ་འཁོབ་ཏུ་དགེ་སློབ་མ་ཚངས་སྤྱོད་ལ་ཉེར་གནས་འཁོར་དང་འཁོར་མང་པོ་འཇོག་པའི་གནང་བ་སྦྱིན་པ་རྣམས་ལ་དགེ་སློང་མ་དྲུག་ཚང་བ། མཐའ་འཁོབ་ཏུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ལས་བགྲངས་པའི་དགེ་སློང་ལྔ་ཚང་བ། དགེ་སློང་གི་གསོ་སྦྱོང་སོགས་ལས་གཞན་ལྷག་མ་རྣམས་ལ་དགེ་སློང་བཞིར་ཚང་བ། དགེ་སློབ་མའི་དགག་དབྱེ་བྱེད་པ་ལ་དགེ་སློང་ལྔ། དགེ་སློང་མ་བཞི་སྟེ་དགུ་ཚང་བ། དགེ་སློང་མའི་མགུ་བ་སྤྱོད་པའི་ལས་ལ་དགེ་སློང་བཞི་དང། དགེ་སློང་བཞི་སྟེ་བརྒྱད་ཚང་དགོས་པས་བུ་སྟོན་རིན་པོ་ཆེ་བཞེེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།