84288
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཇི་སྐད་དུ། གནས་ཁང་དང་ཟས་ལ་བསྐོ་བ་དང། ཞེས་པ་ནས། ཟས་རུང་བ་དང་བཅས་པ་ཉིད་ཡིན་ན་མི་དག་འོང་བ་ལ་སྒེའུ་ཁུང་བསྲུང་བའོ། །ཞེས་པས་བསྟན། དེ་ཡང་གནས་ཁང་བསྐོ་བ་ནས་སྒེའུ་ཆུང་བསྲུང་བའི་བར་ལ་བཅོ་བརྒྱད་ཡོད་པ་འདི་ཀུན་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ཡིན་ཏེ། འགྲེལ་བར་དེ་ལྟར་དུ་བཤད་དོ། །དབྱར་གྱི་རས་ཆེན་སྦེད་པ་དང། འགྱེད་པ་གཉིས་ཡོད་ཀྱང་གྲངས་གཅིག་ཏུ་བྱ། སྲ་རྐྱང་སྦེད་པ་བསྐོ་བ་ནི་སྲ་རྐྱང་འདིང་བ་བསྐོ་བ་ཡིན་པར་འགྲེལ་པར་བཤད་དོ། །གོས་བགོ་འགྱེད་པ་ཡང་ངོ་ཞེས་པས་སྦེད་པ་དང། འགྱེད་པ་གཉིས་བསྟན་གྲངས་གཅིག་ཏུ་བྱ། དགེ་བསྐོས་ཀྱི་ཀུན་དུ་སྤྱད་པ་ཐམས་ཅད་བྱ་བ་ཡིན་ཡང། ཅུང་ཞིག་བྲེལ་བས་མ་འཁོབ་པ་རྣམས་མངག་གཞུག་པས་བྱ་བ་ཡིན་ཏེ། འགྲེལ་པར་མངག་གཞུག་པ་བྱ་བ་ནི་དགེ་བསྐོས་ཀྱི་འགབ་ལེན་ཅིང། དེའི་དོན་གྲོགས་བྱེད་པའོ། །ཞེས་གསུངས་སོ། །བང་རིམ་ཞལ་ལྟ་བ་ནི། བྱ་དག་མཆོད་རྟེན་གྱི་བང་རིམ་དག་ཏུ་གནས་བཅས་པ་ན་དེ་ལྡོག་པར་བྱེད་པའི་ལས་བྱེད་པའོ། །མཛེས་ཆོས་པ་ནི་དགེ་འདུན་རྣམས་ཟས་བཞེས་པ་སོགས་ལ་སྤྱོད་ལམ་མཛེས་མི་མཛེས་བརྟགས་ནས། མི་མཛེས་པ་མཐོང་ན་དེས་སེ་གོལ་གྱི་སྒྲ་སྔོན་དུ་བཏང་སྟེ་མཛེས་པ་ལ་སྦྱོར་བའི་ལས་བྱེད་པའོ། །སྒེའུ་ཆུང་བསྲུང་བ་ནི། དགེ་འདུན་རྣམས་ཟས་རུང་བའི་ཤ་དང་བཅས་པ་ཉིད་ཡིན་ན་དེར་མི་གཞན་དག་འོང་བ་དགག་པའི་ཕྱིར་སྒེའུ་ཆུང་བསྲུང་བའི་དགེ་སློང་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |