84525

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལི་ཤིང་དགོན་ (1)
Part of speech མིང་ཚིག
Definition འབྲུག་པ་བཀའ་བརྒྱུད། དགོན་འདི་ནི། བལ་བོད་ཀྱི་ས་མཚམས་འགྲམ་ཁུལ་དུ་ཆགས་ཡོད། ཐོག་མར་རྒྱལ་བ་ལྔ་པའི་སྐབས་བླ་མ་སྟག་ཚང་མཆོག་གིས་ཕྱག་བཏབ་པར་གྲགས་ཤིང་། (སྟག་ཚང་རས་པ་ཤིང་ཁྱི ༡༥༧༤ ལོར་འཁྲུངས། ལྕགས་ཡོས ༡༦༥༡ ལོར་མྱ་ངན་ལས་འདས། ) དགོན་སྡེ་འདི་ཕྱག་བཏབ་པ་ནས་བཟུང་འབྲུག་པ་བཀའ་བརྒྱུད་པའི་ལུགས་ཀྱི་ཆོ་ག་ཕྱག་ལེན་སོགས་ཉམས་ལེན་མཛད་པ་མ་ཟད། སློབ་མ་ཁག་གསོ་སྐྱོང་མཛད་དེ་གདན་ས་བསྐྱངས། དེ་རྗེས་དགོན་འདིར་བླ་མ་སྟག་ཤམ་རས་པ་སོགས་བླ་མ་རྩ་ཆེན་ཁག་བྱུང་འདུག་ཀྱང་རེ་རེའི་མཚན་དང་མཛད་པ་སོགས་མི་གསལ། སྔོན་དུས་དགོན་འདི་གའི་བླ་གྲྭ་ཁག་འབྲུག་བདེ་ཆེན་ཆོས་འཁོར་དགོན་དུ་ཞབས་ཡོངས་རྣམ་གཉིས་ཀྱི་དྲུང་ནས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་སོགས་ཞུ་བར་ཡང་ཡང་ཕེབས་སྲོལ་ཡོད་པ་མ་ཟད། ཆོ་ག་ཕྱག་ལེན་སོགས་ཀྱང་འབྲུག་བདེ་ཆེན་ཆོས་འཁོར་གྱི་ལུགས་ལྟར་མཛད་ཀྱི་ཡོད། ཕྱིས་སུ་དགོན་འདི་ཉིད་ཀྱི་མིང་གཞན་ལ་དགོན་གསར་ཞེས་བརྗོད་ཀྱི་ཡོད་པ་ནི་དགོན་འདི་ཉིད་ཐོག་མའི་ཆགས་ཡུལ་ནས་ད་ལྟའི་ས་ཆ་འདིར་གནས་སྤོས་པས་དེ་ལྟར་གྲགས་པ་དང་། དུས་འགྱུར་གྱི་གོང་ཙམ་བར་དགོན་འདིར་སྒྲུབ་པ་ཉམས་ལེན་མཛད་མཁན་སོགས་རྟོག་ལྡན་ཡང་མང་པོ་བྱུང་ཡོད། རྒྱ་ནག་གི་དུས་རྐྱེན་འོག་སྤྱི་ལོ་ ༡༩༦༣ ལོར་དགོན་འདི་ཉིད་ཀྱང་ཕྱིའི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་ཚང་མ་འཐོར་བརླག་ཏུ་སོང་ཏེ་མིང་གི་ལྷག་མ་ཙམ་དུ་གྱུར། སླར་ཡང་འདི་ཁུལ་དུ་ཆོས་དད་ཆོག་པ་དང་ཆབས་ཅིག་དགོན་འདི་ཉིད་ཀྱང་དེ་སྔོན་དགོན་འདི་གའི་གྲྭ་རྒན་བསྟན་འཛིན་ནོར་བུ་ལགས་ནས་གཙོ་བོའི་འགན་འཁུར་འོག་གྲྭ་རྒན་བསོད་ནམས་རྡོ་རྗེ་ལགས་དང་། ཡོན་ཏན་ལགས་སོགས་མཉམ་དུ་དགོན་པ་སླར་གསོ་ཞུ་རྒྱུར་གཏན་འཁེལ་བ་དང་། ཁུལ་དེའི་དད་ལྡན་མང་ཚོགས་རྣམ་པས་ཀྱང་དཔལ་འབྱོར་སོགས་གང་ཐད་ཤུགས་ཆེའི་རྒྱབ་སྐྱོར་བྱས་པར་བརྟེན། ད་ལྟའི་དགོན་འདི་ཉིད་སླར་གསོ་ཞུས་ཏེ་ཕྱི་ནང་གཉིས་ཀར་ལེགས་ཙམ་ཆགས། དེང་སྐབས་དགོན་འདིར་གྲྭ་བཙུན་བཅུ་ཙམ་གྱིས་འབྲུག་བདེ་ཆེན་ཆོས་འཁོར་གྱི་ལུགས་ལྟར་སྔར་སྲོལ་གྱི་ཆོ་ག་ཕྱག་ལེན་ཁག་མི་ཉམས་གོང་སྤེལ་དང་། ༧སྐྱབས་རྗེ་སེང་བྲག་རིན་པོ་ཆེ་སྐུ་ཕྲེང་ལྔ་པའི་དྲུང་ནས་ཕྱག་ཆེན་གྱི་བཀའ་ཁྲིད་ཡང་ཡང་ཞུས་ཏེ་ཉམས་ལེན་ཡང་མི་དམན་ཙམ་ཡོད་པ་བཅས་སོ། །