84600
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོན་རྒྱ་གར་གྱི་གྲུབ་ཆེན་ཞིག་སྟེ། ལཱུ་ཧི་བ་ཞེས་པ་ནི་ཉའི་རྒྱུ་ལྟོ་གསོལ་བ་ལས་མཚན་དུ་བཏགས་ཏེ། དེ་ཡང་སིངྒ་ལའི་གླིང་གི་རྒྱལ་པོ་ཞིག་ལ་སྲས་གསུམ་མངའ་བ་ལས། ཡབ་རྒྱལ་པོ་གྲོངས་ནས་རེ་ཞིག་ནས་རྩིས་མཁན་གྱིས་ལུང་བསྟན་པ་ལྟར་སྲས་བར་པ་རྒྱལ་ཚབ་ཏུ་དབང་བསྐུར། དེས་མ་འདོད་ནས་འབྲོས་པར་བརྩམས་པ་ལ་གཅེན་གཅུང་དང་འབངས་རྣམས་ཀྱིས་དེ་བཟུང་ནས་གསེར་སྒྲོག་གི་ལྕགས་སུ་བཅུག རྒྱལ་བུ་དེས་འཁོར་དང་སྲུང་མ་ཀུན་ལ་གསེར་དང་དངུལ་ལ་སོགས་པའི་བྱ་དགའ་བྱིན་ནས་མཚན་ལ་གོས་ཚེམ་བུ་ཅན་གྱོན་ཏེ། སྐྱེལ་མ་ལའང་གསེར་ལ་སོགས་པའི་བརྔན་པ་བྱིན་ནས་རྒྱལ་པོ་ས་ར་མ་ལའི་ཡུལ་རཱ་མེ་ཤྭ་རར་ཕྱིན་པ་ན། སྟན་དར་ཟབ་ལས་བྱས་པ་བོར་རས་ཀྲྀ་ཥྞ་སཱ་རའི་སྟན་བཏིང་ནས་རྒྱལ་ས་སྤངས་ཏེ་ཐལ་བའི་ནང་དུ་ཉལ་ལོ། རྒྱལ་བུ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པས་ཀུན་གྱིས་བཟའ་བ་དང་བཅའ་བ་ལ་སོགས་མི་བྲལ་བ་ཉིད་དུ་བྱིན། དེ་ནས་རྡོ་རྗེ་གདན་དུ་བྱོན་པས་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་གདམས་པ་བསྟན། རྒྱལ་པོ་བཞུགས་པ་ཊ་ལི་བུ་ཏྲར་བྱོན་པས་མི་ཀུན་གྱིས་ཟས་བྱིན་པ་ཟ་བཞིན་དུར་ཁྲོད་དུ་ཉལ་གྱིན་འདུག་པ་ལས། ཚོང་དུས་སུ་ཆང་འཚོང་མའི་གནས་སུ་ཕྱིན་པ་ན། ཆང་འཚོང་མའི་གཙོ་མོ་དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་ཅིག་ཡིན་པས། དེས་རྒྱལ་བུ་ལ་བལྟས་ནས་འདིའི་འཁོར་ལོ་བཞིའི་དྲི་མ་ལ་སོགས་པ་ཐམས་ཅད་དག་ནས་འདུག་པ་ལ་སྙིང་ག་ནས་སྲན་མ་ཙམ་ཅིག་གི་རིགས་ཀྱི་རྟོག་པ་མ་དག་བར་འདུག་ཟེར། དེ་ནས་མོས་རྫ་མའི་ནང་དུ་ཟས་རུལ་བ་བླུགས་ནས་ཕྱིན་པས། རྒྱལ་བུས་ར་བསྐྱུར་བས་མཁའ་འགྲོ་མ་དེ་ཁྲོས་ནས། ཁྱོད་ཀྱིས་ཟས་བཟང་ངན་གྱི་རྣམ་པར་རྟོག་པ་མ་སྤངས་ན་ཆོས་ག་ལ་འོང་ཞེས་སྨྲས་པས། རྒྱལ་བུས་རྣམ་རྟོག་དང་མཚན་མ་བྱང་ཆུབ་ཀྱི་གེགས་སུ་འདུག་སྙམ་ནས་སྤངས། ཉ་པས་གངྒཱ་ནས་ཉ་བསད་པའི་རྒྱུ་མ་ས་ལ་བསྐྱུར་པ་རྣམས་བླངས་ནས་ཟ་ཞིང་ལོ་བཅུ་གཉིས་བར་བསྒྲུབས། ཉའི་རྒྱུ་མ་ཟ་བ་ཉ་འཚོང་མའི་བུད་མེད་ཀྱིས་མཐོང་ནས་ཐམས་ཅད་ཀྱིས་ལཱུ་ཧུ་བ་ཞེས་སྨྲས་ལ། ཕྱོགས་མཚམས་ཀུན་ཏུ་ལཱུ་ཧི་བ་ཞེས་གྲགས་ཏེ་དེའི་མིང་དང་དངོས་གྲུབ་ཐོབ། |