84978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་དཀྱིལ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ལུས་དཀྱིལ་སྒོམ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོོམ་པ་དང་། བརྟེན་པ་ལྷར་བསྒོམ་པ་གཉིས། དང་པོ་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པ་ནི། ཕྱི་དཀྱིལ་རིགས་འདྲ་སྔ་མས་ཉེར་ལེན་དང་། རང་གི་ལུས་ཀྱི་ཆ་ཤས་དེ་དང་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས། ཕྱི་དཀྱིལ་རིགས་འདྲ་ཕྱི་མ་རང་གི་ལུས་རྒྱུར་སོང་བའི་གཞལ་ཡས་ཁང་གི་རྣམ་པར་བསྐྱེད་ནས་སྒོམ་པར་བྱེད་པ་ཡིན་ནོ། ། གཉིས་པ་བརྟེན་པ་ལྷར་བསྒོམ་པ་ལ། ཕུང་པོ་ལྔ་རིགས་ལྔར་བསྒོམ་པ་ནི། རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒོམ། །ཞེས་གསུངས་པས་བསྟན། ཁམས་བཞི་ཡུམ་བཞིར་བསྒོམ་པ་ནི། ཡང་དེ་ཉིད་ལས། ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀི ། དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །ཞེས་གསུངས་པས་བསྟན། མིག་སོགས་ས་སྙིང་སོགས་སུ་བསྒོམ་པ་ནི། ཡང་དེ་ཉིད་ལས། རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག། །ཞེས་གསུངས་པས་བསྟན། ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམ་པ་ནི། ཡང་དེ་ཉིད་ལས། གཟུགས་སྒྲ་དྲི་སོགས་སྔགས་པ་ཡི། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཡན་ལག་ཁྲོ་བོར་བསྒོམ་པ་ནི། །བཤད་རྒྱུད་རྡོ་རྗེ་འཕྲེང་བའི་སྐུ་དཀྱིལ་གྱི་སྐབས་སུ་བསྟན་པ་ལྟར་ཡིན་ནོ། །ཚུལ་ཇི་ལྟར་དུ་བསྒོམ་པ་ནི། རང་ཉིད་སྤྲུལ་སྐུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པའི་ལུས་ཀྱི་ཆ་ཤས་སོ་གཉིས་ལ། ཨོཾ་ཡིག་ལ་སོགས་པའི་ས་བོན་སོ་གཉིས་བསྐྱེད། དེ་རྣམས་ཡོངས་སུ་གྱུར་པ་ལས་རྣམ་སྣང་ལ་སོགས་པའི་ལྷ་སོ་གཉིས་བསྐྱེད་ནས་རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་བཀོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་མོས་ནས་བསྒོམ་པའི་སྐུ་མདོག་ཕྱག་མཚན་ཞལ་ཕྱག་གི་གྲངས་ལ་སོགས་པ་རྣམས་མདོར་བྱས་ནས་བཤད་པ་ལྟར་རིམ་གྱིས་གསལ་བཏབ་བདེ་སྟོང་གིས་རྒྱས་བཏབ་ནས་བསྒོམ་པ་ནི། ལམ་རྫོགས་རིམ་གྱི་སྐབས་སུ་ལུས་ཀྱི་རྩ་ཁམས་ཐིག་ལེ་རྣམས་ལས་རུང་དུ་གྱུར་ནས་རྫོགས་རིམ་སྤྱིའི་རྟོགས་པ་ཁྱད་པར་ཅན་སྐྱེ་བའི་རྒྱུད་སྨིན་བྱེད་དུ་འགྱུར་བ་དང་། ལུས་ཀྱི་ཆ་ཤས་སོ་གཉིས་འོད་གསལ་དུ་དག་པར་བྱས་པའི་དོན་གྱི་འོད་གསལ་འགྲུབ་པ་དང་། ལུས་ཀྱི་ཆ་ཤས་སོ་གཉིས་ལ་རྣམ་སྣང་ལ་སོགས་པའི་ལྷ་སོ་གཉིས་དངོས་གནས་ལ་འགྲུབ་པའི་རྒྱུད་སྨིན་བྱེད་དུ་འགྱུར་བ་དང་། ཁྱད་པར་དུ་ཡན་ལག་ཁྲོ་བོར་བསྒོམས་པས་བགེགས་ཀྱི་གནོད་པས་མི་ཚུགས་པ་དང་། ཡུལ་ལྔ་རྡོ་རྗེ་མ་ལྔར་བསྒོམས་པས་ཕྱི་རོལ་ཏུ་གང་སྣང་ཐམས་ཅད་ནང་དུ་བདེ་ཆེན་འབར་བའི་གྲོགས་སུ་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།