85020

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་བརྟས་པར་བྱེད་པའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དགེ་ལུགས། ལུས་རྟས་པར་བྱེད་པའི་རྣལ་འབྱོར་བཤད་པ་ནི། མདོར་བྱས་ལས། སྔགས་པས་ཏིང་འཛིན་དམིགས་པའི་ཚེ། །གང་ཚེ་ལུས་ནི་བསྐམས་གྱུར་ན། །ལུས་ངག་ཡིད་ནི་ཚིམ་བྱེད་པའི། །སྦྱོར་བ་འདི་ནི་བསྒོམ་པར་བྱ། ། ཞེས་གསུངས། དེའི་དོན་ནི། བསྐྱེད་རིམ་ཐུན་བཞིར་བྱས་ནས་ཉམས་སུ་ལེན་པའི་ཚེ། ལུས་ཉམས་སྟོབས་ཆུང་བར་གྱུར་ན། ལུས་རྟས་པར་བྱེད་པའི་རྣལ་འབྱོར་འདི་བསྒོམ་དགོས་པར་བསྟན། ཚུལ་ཇི་ལྟར་བསྒོམ་པ་ནི། ཡང་དེ་ཉིད་ལས། མཐོ་གང་ཙམ་དུ་སྤགས་པ་རུ། །སྤྱི་བོར་ཟླ་བ་བརྟག་པར་བྱ། །བདུད་རྩི་ལྔ་ནི་ངེས་འབབ་པའི། །ཨོཾ་ནི་དེ་རུ་བརྟག་པར་བྱ། ། ཞེས་གསུངས། དེའི་དོན་ནི། རང་གི་སྤྱི་བོ་ནས་མཐོ་གང་ཙམ་སྤགས་པའི་སྟེང་གི་ནམ་མཁའ་ལ་ཝཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་འོག་ཏུ་ཨོཾ་ཡིག་དཀར་པོ་མགོ་ཐུར་དུ་བལྟ་བ། དེ་ལ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གྱུར་བའི་བདུད་རྩི་ཁ་དོག་ལྔ་བབས་པས་རང་གི་སྤྱི་བོ་ནས་ཞུགས་རྐང་མཐིལ་གྱི་བར་གྱི་ལུས་ཐམས་ཅད་གང་བར་མོས་ནས་སྒོམ་པར་བྱེད་པ་ཡིན་ནོ། ། ཡང་དེ་ཉིད་ལས། རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། ། སྐད་ཅིག་གིས་ནི་གཟི་ཅན་འགྱུར། ། ལུས་ངག་ཡིད་ནི་བདེ་བ་དག ། ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས། དེའི་དོན་ནི། ལུས་རྟས་པར་བྱེད་པའི་རྣལ་འབྱོར་འདི་རྒྱུན་ལྡན་དུ་བསྒོམས་ན། ལུས་ཀྱི་སྟོོབས་རྒྱས་ཤིང་གཟི་བརྗིད་དང་ལྡན་པར་འགྱུར་བ་དང་། ཚེ་རིང་ཞིང་ནད་མེད་པ་དང་། སྐྲ་དཀར་དང་། གཉེར་མ་མི་འབྱུང་བ་སོགས་ཀྱི་ཕན་ཡོན་མཐའ་ཡས་པ་འབྱུང་བར་གསུངས་སོ། ། དེ་ཡང་འཕགས་པ་ཡབ་སྲས་ཀྱི་སྒྲུབ་ཐབས་གསུམ་ལས། ཐུན་མཚམས་དང་འབྲེལ་བའི་རྣལ་འབྱོར། དེ་ལ་ཁ་ཟས་ཀྱི་རྣལ་འབྱོར་དང་ལུས་རྟས་པར་བྱེད་པའི་རྣལ་འབྱོར་གཉིས་ལས་མ་གསུངས་ཀྱང་། ཉལ་བའི་ཚེ་ལྷག་མོས་འོད་གསལ་དུ་སྡུད་པ་ཇི་ལྟ་བ་དེ་བཞིན་དུ། ཐོག་མར་རང་གི་ལུས་ལ་བཀོད་པའི་ལྷ་རྣམས་འོད་གསལ་དུ་བསྡུས་པའི་རྗེས་སུ་རང་ཉིད་ཀྱང་འོད་གསལ་དུ་བསྡུས་ནས་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་གཉིད་ལོག་པར་བྱེད་པ་ཡིན་ནོ། ། ལྡང་བའི་ཚེ་གཙོ་བོ་འོད་གསལ་དུ་ཞུགས་པ་ལ་ལྷ་མོ་བཞིས་ཞུ་བ་གླུས་བསྐུལ་བའི་ངོ་བོར་བཞེངས་པར་མོས་ནས་ལངས་པ་དང་། ཁྲུས་བྱེད་པའི་ཚེ་ལྷ་ལ་སྐུ་ཁྲུས་གསོལ་བར་མོས་ནས་ཁྲུས་བྱེད་པ་དང་། གོས་གྱོན་པའི་ཚེ་ལྷ་ལ་ན་བཟའ་འབུལ་བར་མོས་ནས་གོས་གྱོན་པར་བྱེད་པ་ཡིན་ནོ། ། དེ་ལྟར་རྒྱུན་དུ་སེམས་མ་ཡེངས་པར་བྱས་ན། ཁྲུས་ལ་སོགས་པའི་བྱ་བ་རང་ག་བ་འདི་རྣམས་ལམ་འདིའི་སྒྲུབ་པ་པོ་ལ་བསོད་ནམས་གསོག་པའི་ཐབས་མཆོག་ཏུ་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།