85059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཚོར་དང་སེམས་ཚོར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་ལས་དངོས་སུ་སྐྱེས་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་ཚོར་བར་དམིགས་པ། ལུས་ཚོར་ཀྱི་མཚན་ཉིད། འདི་དང་དབང་ཤེས་སུ་གྱུར་པའི་ཚོར་བ་དང་། ཕྱིའི་ཚོར་བ་གསུམ་དོན་གཅིག དེ་ལ་དབྱེ་ན། ལུས་ཚོར་བདེ་སྡུག་བཏང་སྙོམས་གསུམ་ཡོད། སིམ་པ་མ་ཡིན་པ་སྟེ། གདུང་བ་མྱོང་བའི་ལུས་ཚོར་དུ་དམིགས་པ། ལུས་ཚོར་སྡུག་བསྔལ་གྱི་དབང་པོའི་མཚན་ཉིད། འདི་དང་ཚོར་བ་ལ་ལྔར་ཕྱེ་བའི་སྡུག་བསྔལ་གྱི་དབང་པོ་དོན་གཅིག། སིམ་པ་སྟེ། བདེ་བ་མྱོང་བའི་ལུས་ཚོར་དུ་དམིགས་པ། ལུས་ཚོར་བདེ་བའི་དབང་པོའི་མཚན་ཉིད། འདི་དང་ཚོར་བ་ལ་ལྔར་ཕྱེ་བའི་བདེ་བའི་དབང་པོ་དོན་གཅིག སིམ་གདུང་བར་མ་མྱོང་བའི་ལུས་ཚོར་དུ་དམིགས་པ། ལུས་ཚོར་བཏང་སྙོམས་ཀྱི་དབང་པོའི་མཚན་ཉིད་ཡིན་ཏེ། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་སིམ་པ་ནི། །བདེ་བའོ། ཞེས་གསུངས་པའི་ཕྱིར། རང་གི་མཐུན་མོང་མ་ཡིན་བའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ལས་བྱུང་བའི་ཚོར་བར་དམིགས་པ། སེམས་ཚོར་གྱི་མཚན་ཉིད། འདི་དང་ཡིད་ཤེས་སུ་གྱུར་པའི་ཚོར་བ། ནང་གི་ཚོར་བ་གསུམ་དོན་གཅིག དེ་ལ་དབྱེ་ན། སེམས་ཚོར་བདེ་སྡུག་བཏང་སྙོམས་གསུམ་དུ་ཡོད་དོ། །སིམ་པ་མྱོང་བའི་སེམས་ཚོར་དུ་དམིགས་པ། སེམས་ཚོར་བདེ་བའི་དབང་པོའི་མཚན་ཉིད། མཚན་གཞི་ནི། བསམ་གཏན་གསུམ་པའི་སས་བསྡུས་ཀྱི་བདེ་དབང་ལྟ་བུ། གཞན་ཏེ། བསམ་གཏན་དང་པོ་དང་གཉིས་པ་གང་རུང་གི་སས་བསྡུས་པའི་རིགས་སུ་གནས་པའི་སིམ་པ་མྱོང་བའི་ཚོར་བར་དམིགས་པ། ཡིད་བདེ་བའི་དབང་པོའི་མཚན་ཉིད། གདུང་བ་མྱོང་བའི་སེམས་ཚོར་དུ་དམིགས་པ། ཡིད་མི་བདེ་བའི་དབང་པོའི་མཚན་ཉིད། སིམ་གདུང་བར་མ་མྱོང་བའི་སེམས་ཚོར་དུ་དམིགས་པ། སེམས་ཚོར་བཏང་སྙོམས་ཀྱི་མཚན་ཉིད། ལུས་ཚོར་བཏང་སྙོམས་དང་སེམས་ཚོར་བཏང་སྙོམས་གཉིས་ཀ་ཚོར་བའི་དབང་པོ་ལྔ་འདྲེན་བའི་ཚེ་གྲངས་གཅིག་ཏུ་འདྲེན་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་རྣམ་པར་མི་རྟོག་པ་ཁོ་ནར་ངང་གིས་སྐྱེ་བའི་ཕྱིར། དེ་དག་ཀྱང་འཐད་དེ། བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བ་ཡིན། །སེམས་ཀྱི་སིམ་པ་མ་ཡིན་པ། །ཡིད་མི་བདེ་བའོ་བཏང་སྙོམས་ནི། །པར་མའོ་གཉིས་ཀའི་མི་རྟོག་ཕྱིར། །ཞེས་གསུངས་པའི་ཕྱིར། དེས་ན་ལུས་ཚོར་དང་སེམས་ཚོར་འགལ་ཞིང་། བསམ་གཏན་གསུམ་པའི་སས་བསྡུས་ཀྱི་ཚོར་བ་དེ་སེམས་ཚོར་བདེ་བའི་དབང་པོ་ཁོ་ན་ཡིན་ཏེ། རང་འགྲེལ་ལས། བསམ་གཏན་གསུམ་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་དེ་ཉིད་བདེ་བའི་དབང་པོ་ཡིན་ཏེ། དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།