85230
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ སློབ་དཔོན་ཕུན་སུམ་ཚོགས་པ་ནི། དེ་བཞིན་གཤེགས་པ་སྟོབས་བཅུ་དང་ལྡན་པ་མི་འཇིགས་པ་བཞིས་འཇིགས་པ་མེད་པ་སྟེ། འདི་ནི་སློབ་དཔོན་ཕུན་སུམ་ཚོགས་པའོ། ། ༢ བསྟན་པ་ཕུན་སུམ་ཚོགས་པ་ནི། དེ་ཡང་ཁྱུ་མཆོག་གི་གནས་རྒྱ་ཆེན་པོ་ལ་དམ་འཆའ་བ་དང༌། ཚངས་པའི་འཁོར་ལོ་བསྐོར་བ་དང༌། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང༌། ལུགས་སུ་འབྱུང་བ་མ་ཡིན་པ་དང༌། འགོག་པ་དང་མྱ་ངན་ལས་འདས་པ་སྟོན་པར་མཛད་པ་འདི་ནི་བསྟན་པ་ཕུན་སུམ་ཚོགས་པའོ། ། ༣ བསྟན་པ་ལ་བདེ་བླག་ཏུ་འཇུག་པ་ནི། བསྟན་པ་དེ་ཡང་རང་བཞིན་གྱིས་ཚིག་དང་ཡི་གེ་གསལ་ཞིང་དོན་ཟབ་ལ་བསྟན་པ་ཚིག་དང་ཡི་གེ་གསལ་ཞིང་དོན་ཟབ་པ་དེའི་དོན་ཟབ་མོ་འགྲེལ་པ་འདི་ནི་བདེ་བླག་ཏུ་འཇུག་པའོ། ། ༤ རང་གི་དོན་ཐོབ་པ་བླ་ན་མེད་པ་ནི། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པར་བྱ་བ་ལ་ནི་དེ་བཞིན་གཤེགས་པ་ལས་གུད་ན་དགེ་སྦྱོང་ངམ་བྲམ་ཟེ་ཆེས་ལྷག་པར་མངོན་པར་ཤེས་པ་མེད་དོ། །དེ་བས་ན་གཞན་དག་གི་རང་གི་དོན་འཐོབ་པའི་སྒོ་ནས་ཐོབ་པར་བྱ་ཞིང་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་དོན་ལ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ལས་གུད་ན་ཆེས་ཤིན་ཏུ་གྱ་ནོམ་པ་དང༌། འདས་པའི་བསྟན་པའི་གནས་ཀྱི་ལ་ཆད་པ་འདི་ནི་རང་གི་དོན་ཐོབ་པ་བླ་ན་མེད་པའོ། ། ༥ ཐམས་ཅད་ལ་རིགས་པ་དང་། བླ་ན་མེད་པར་སྟོན་པ་ནི། དེའི་ལྷ་དང་མི་རྣམས་མན་ཆད་ལ་སྟོན་ཅིང་ཕྱིན་ཅི་མ་ལོག་པར་སྟོན་ཏེ། ཆོས་རྣམས་ལ་སློབ་དཔོན་གྱིས་དཔེ་མཁྱུད་མ་མཛད་པར་ཐམས་ཅད་ལ་སྟོན་པ་གང་ཡིན་པ་དེ་ནི་ཐམས་ཅད་ལ་རིག་པ་དང༌། བླ་ན་མེད་པར་སྟོན་པའོ། ། ༦ གསུང་རབ་མངའ་བདག་ཡོད་པ་ནི། ཐེ་ཚོམ་ཐམས་ཅད་གཅོད་པ་དགེ་བ་ཐམས་ཅད་ཀྱི་རྩ་བ་གྱུར་པའི་དད་པ་རྒྱ་ཆེན་པོ་མངོན་སུམ་དུ་དམིགས་པའི་གཞི་དང༌། གནས་སུ་གྱུར་པའི་སྟོན་པ་མངོན་སུམ་དུ་ཞུགས་པ་གང་ཡིན་པ་འདི་ནི་གསུང་རབ་མངའ་བདག་ཡོད་པ་ཞེས་བྱ་བའོ། ། |
| Domain | ཆོས་ལུགས། |