85325

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེན་པའི་རྟེན་འབྲེལ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ཡན་ལག་དགུ་པ་གང་ཞིག རང་དང་རྒྱུ་འབྲས་ཚར་གཅིག་པའི་བརྒྱད་པ་སྲེད་པའི་རྟེན་འབྲེལ་ལམ། དེ་ཚར་གཅིག་གི་བསྡུས་པའི་བརྒྱད་པ་སྲེད་པའི་རྟེན་འབྲེལ་ནུས་པ་མཐུ་ཆེན་དུ་གྱུར་ནས་སམ། ཡང་ན་དེ་ལྟར་དུ་གྱུར་པའི་ཟག་བཅས་རྣམ་སྨིན་གྱི་ཕུང་པོ་ཉེར་བར་ལེན་པའི་འདོད་ཆགས། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་དགུ་པ་ལེན་པའི་མཚན་ཉིད་ཡིན། མཚན་ཉིད་དེ་འཐད་དེ། བརྒྱད་པ་སྲེད་པའི་རྟེན་འབྲེལ་ཡིན་ན། རང་གི་དམིགས་པར་གྱུར་པའི་རང་གི་རྟེན་གྱི་གང་ཟག་གི་ཡང་སྲིད་ཕྱི་མའི་རྣམ་སྨིན་གྱི་ཕུང་པོ་ལ་ཐོབ་འདོད་ཀྱི་སྲེད་པ་ཡིན་དགོས། དགུ་པ་ལེན་པའི་རྟེན་འབྲེལ་ཡིན་ན། རང་གི་དམིགས་པར་གྱུར་པའི་རང་གི་རྟེན་གྱི་གང་ཟག་གི་ཡང་སྲིད་ཕྱི་མའི་རྣམ་སྨིན་གྱི་ཕུང་པོ་ལ་དོན་གཉེར་སྲེད་པ་ཡིན་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། མི་རྣམས་ཡུལ་གྱི་ཁྱད་པར་ནི། །ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །ཞེས་གསུངས་པའི་ཕྱིར། ཡོངས་འཛིན་ཞེས་པས། དགུ་པ་ལེན་པའི་རྟེན་འབྲེལ་བསྟན། དེ་ཐོབ་བསམ་པས། ཞེས་པས། བརྒྱད་པ་སྲེད་པའི་རྟེན་འབྲེལ་བསྟན་པ་ཡིན་ཏེ། དེའི་ཐད་ཀྱི་ཐར་ལམ་གསལ་བྱེད་ལས། ཡོངས་འཛིན་ཞེས་པ་ལེན་པ་ལ་བརྗོད་པས་སྲེད་པའི་རྐྱེན་གྱི་ལེན་པའོ། །ཞེས་གསུངས་པའི་ཕྱིར། ལེན་པ་ལ་འདོད་པ་ཉེ་བར་ལེན་པ། ལྟ་བ་ཉེ་བར་ལེན་པ། བདག་ཏུ་ལྟ་བ་ཉེ་བར་ལེན་པ། བརྟུལ་ཞུགས་དང་ཚུལ་ཁྲིམས་ཉེ་བར་ལེན་པ་དང་བཞི། རང་གི་དམིགས་པར་གྱུར་པའི་འདོད་པའི་རྣམ་སྨིན་གྱི་ཕུང་པོ་ལ་ཆགས་པའི་སྲེད་པ་དང་པོ། ལྟ་ངན་ལ་ཆགས་པའི་སྲེད་པ་གཉིས་པ་དང། བདག་ལ་ཆགས་པའི་སྲེད་པ་གསུམ་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་ལ་ཆགས་པའི་སྲེད་པ་བཞི་པ་ཡིན། ཕུང་སོགས་གང་ཡིན་དཔྱད་པ་ནི། བརྒྱད་པ་དང་དགུ་པ་གཉིས་ལ་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ་ཡིན། སྤང་བྱ་གང་ཡིན་དཔྱད་པ་ནི། དེ་སྒོམ་སྤངས་ཡིན་ཞིང། དེར་གྱུར་པའི་མཐོང་སྤངས་ཡོད་དེ། རྒྱུ་མཚན་ལྟར་སྣང་དང་གྲུབ་མཐའ་ངན་པའི་དབང་གིས་བྱུང་བའི་རྟེན་འབྲེལ་དེ་ཡིན་པ་ཡོད་པའི་ཕྱིར། དེ་ཡིན་ན། སྒྲིབ་ལུང་མ་བསྟན་ཡིན་པས་ཁྱབ་སྟེ། དེ་ཡིན་ན། ཉོན་མོངས་ཡིན་དགོས་པའི་ཕྱིར། གང་ཟག་སུའི་རྒྱུད་ལ་ཡོད་མེད་དཔྱད་པ་ནི། ཡང་སྲིད་དུ་སྐྱེ་བ་ལེན་པར་བྱེད་པའི་འཆི་སྲིད་ལ་གནས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ཡོད།
Domain ཆོས་ལུགས།

{{#arraymap:ལེན་པའི་རྟེན་འབྲེལ་

|; |@@@ | | }}

ལེན་པའི་རྟེན་འབྲེལ་ (2)
Part of speech མིང་ཚིག
Definition སྔར་བསགས་ཟིན་པའི་ལས་དེ་ལ་ཡང་སྲིད་ཕྱི་མ་འཕེན་ནུས་ཀྱི་ནུས་པ་མཐུ་ཅན་དུ་བྱེད་པའི་སེམས་བྱུང་སྲེད་པ་ཞིག་ལ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ལེན་པའི་རྟེན་འབྲེལ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཡན་ལག་དགུ་པ་གང་ཞིག རང་གི་དམིགས་ཡུལ་དུ་གྱུར་པའི་ལོངས་སྤྱོད་ལ་ལྷག་པར་ཆགས་པའི་འདོད་ཆགས་དེ། ཡན་ལག་དགུ་པ་ལེན་པའི་རྟེན་འབྲེལ་གྱི་མཚན་ཉིད། དེ་ལ་དབྱེ་ན། འདོད་པ་ཉེར་ལེན། ལྟ་བ་ཉེར་ལེན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཉེར་ལེན། བདག་ཏུ་སྨྲ་བ་ཉེར་ལེན་དང་བཞི། ཡང་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་ལེན་པའི་རྟེན་འབྲེལ་ཡོད་དེ། གོང་གི་སྲེད་པ་དེ་ཉིད་ཤས་ཆེར་འཕེལ་བའི་འདོད་ཆགས་དེ་དེ་ཡིན་པའི་ཕྱིར། དབྱེ་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་འདོད་པ་ཉེར་ལེན་ལྟ་བ་ཉེར་ལེན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཉེར་ལེན་བདག་ཏུ་སྨྲ་བ་ཉེར་ལེན་དང་བཞི། ཞེས་གསུངས་སོ། །

{{#arraymap:ལེན་པའི་རྟེན་འབྲེལ་

|; |@@@ | | }}