85406

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཆེན་བྱང་ཆུབ་རྩེ་མོ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཆུ་ཡོས་ཕྱི་ལོ་ ༡༣༠༣ ལོར་ལོ་སྟོད་ལྷོར་ཡབ་གཞོན་ནུ་དཔལ་བཟང༌། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་རྗེ་བཙུན་དཔང་ལས་སྡེ་སྣོ་གསུམ་དང་། རྒྱུད་སྡེ་རྣམས། ལེགས་སྦྱར་གྱི་སྐད་ཡིག་བཅས་ལ་མཁས་པར་སྦྱངས་པའི་ལོ་ཙཱ་བ་ཞིག་ཡིན། བོ་དོང་གི་གདན་ས་ཡང་མཛད། སྟག་ལུང་དུ་ཕེབས་ཏེ་ལོ་ཆེན་ནམ་མཁའ་བཟང་པོའི་སློབ་དཔོན་མཛད། ཡར་ཀླུངས་དང་། གདན་ས་ཐེལ། གུང་ཐང་དུ་བཞུགས་ནས་དུས་འཁོར་སོགས་ཀྱིས་མཁས་མང་ཚིམས་པར་མཛད། ་ཉེར་གཉིས་པར་དཔལ་ལྡན་ས་སྐྱའི་མཁན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང༌། ལས་ཀྱི་སློབ་དཔོན་དཔང་ལོ་དང༌། གསང་སྟོན་ཆོས་རྗེ་བླ་མ། གྲིབ་ཚོད་མཁན་ཆེན་བསོད་ནམས་བཟང་པོས་མཛད་དེ་བསྙེན་པར་རྫོགས། གཙང་ཕྱོགས་ཆུ་མིག་རིང་མོར་བཞུགས་ཏེ། གདུལ་བྱ་མང་པོ་བསྐྱངས། དོན་བརྒྱད་པ་རབ་བྱུང་དྲུག་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༣༨༠ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ལོ་ཙཱ་བ་ནམ་མཁའ་བཟང་པོ་དང་། སྤྱན་སྔ་གྲགས་པ་བྱང་ཆུབ། ལོ་རཱ་བ་གྲགས་པ་རྒྱལ་མཚན་བཅས་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་དང་། མཚན་ཡང་དག་པར་བརྗོད་པའི་འགྲེལ་བ། ཀ་ལཱ་པའི་མདོའི་འགྲེལ་བ་སློབ་མ་ལ་ཕན་པ། སྙན་ངག་སྤྲིན་གྱི་ཕོ་ཉ། སྡེབ་སྦྱོར་གྱི་མཚན་ཉིད་སྟོན་པའི་བསྟན་བཅོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས། ཙནྡྲ་བའི་བྱིངས་མདོ་བཅས་བཞུགས།