85411

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་མོའུ་འགལ་གྱི་བུས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་རྒྱུད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་མཁན་པོ་གང་ཞིག་གིས་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་བསྙེན་པར་རྫོགས་པར་བྱ་བའི་ཡུལ་དང་། གང་དག་གིས་བསྙེན་པར་རྫོགས་པར་བྱ་བའི་གྲོགས་དང་། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་དང་། གང་གིས་བསྙེན་པར་རྫོགས་པར་བྱེད་པའི་རྟེན་ནོ། །དང་པོ་ལ་བདུན་ལས་བསྙེན་པར་མ་རྫོགས་པ་ཡིན་པ་དང་། བསམ་པ་ཐག་པ་ནས་བསྙེན་པར་རྫོགས་པར་འདོད་པ་ཡིན་པ་དང་། མངལ་དང་བཤོལ་གྱི་ཟླ་བ་དང་བཅས་ཀྱང་ལོ་ཉི་ཤུ་མ་ལོན་པ་དང་། མཚན་མཐུན་པ་དང་། མཚམས་མེད་པ་ལྔ་པོ་སོགས་བར་ཆད་གཙོ་བོ་གཞན་དང་མི་ལྡན་པ་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་བཅས་སོ། །གཉིས་པ་གྲོགས་ནི་ལས་ཀྱི་སློབ་དཔོན་དགེ་འདུན་དང་བཅས་པ་སྟེ་སྐབས་དོན་གྱིས་སོ། །གསུམ་པ་ཆོ་ག་ནི་ལུང་རྣམ་འབྱེད་ལས་ནི་རྫོགས་པར་བསྙེན་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་གསུངས་པས། ཆོ་ག་གསོལ་བཞིའི་ལས་ཀྱིས་ཏེ། ཆོ་ག་ཚུར་ཤོག་ལ་སོགས་གཞན་གྱིས་ནི་མ་ཡིན་ནོ། །བཞི་པ་རྟེན་ནི་མཁན་པོ་ཉིད་ཀྱིས་ཏེ་མཁན་པོ་ཉིད་ཀྱིས་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་མཁན་པོ་བྱས་ཏེ་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་བྱེད་པ་ཞུགས་པའོ། །མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་སྟེ། ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་གསུངས་པས་སོ། །ཞེས་པ་ལྟར་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ནི། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ། །མཁན་པོ་ཉིད་ཀྱིས་སོ། །བསྙེན་པར་རྫོགས་པར་བྱས་ནའོ། །ཞེས་པས་བསྟན། ངོ་བོ་ནི། སྐྱེས་ནས་ལོ་ཉི་ཤུ་མ་ལོན་པའི་བསྒྲུབ་བྱ་བསྙེན་པར་རྫོགས་པའི་མཁན་པོ་བྱས་པའི་བཅས་པའི་ཁ་ན་མ་ཐོ་བའོ། །སློབ་དཔོན་སོགས་ལས་གྲལ་ན་གནས་པ་གཞན་རྣམས་ལ་ཉེས་བྱས་འབྱུང་ངོ་། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།