85553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་རས་གྲགས་པ་དབང་ཕྱུག་ (1)
Part of speech མིང་ཚིག
Definition ཡབ་རྣལ་འབྱོར་ཤེས་རབ་དང་། ཡུམ་མེ་བཟའ་སྐྱིད་ལ་རབ་བྱུང་གསུམ་པའི་ས་ལུག་ ༡༡༩༩ ལོར་འཁྲུངས། མཚན་ལོ་བདེ་བ་སྐྱོང་། ལོ་གསུམ་བཞི་ནས་འབྲི་ཀློག་མཁྱེན། ལོ་ལྔ་དྲུག་ནས་ཆོས་ལ་འབྲོས་པར་བརྩམས། ཡབ་ཡུམ་གྱིས་བག་མ་བསུས་ཀྱང་། བདུན་པ་ལ་བྲོས་ནས་འབྲུག་ཏུ་སླེབས། སྐྱོར་མོ་ལུང་དུ་སྐྲ་བཅད། མཚན་གྲགས་པ་དབང་ཕྱུག་ཏུ་གསོལ། བདས་མི་བྱུང་ནས་སླར་ཇོ་མོ་དང་ལྷན་ཅིག རྐང་པ་ལྕགས་ཀྱིས་བསྡམ་ཀྱང་མ་ཆགས་པར། ཡང་ཆོས་རྗེའི་དྲུང་དུ་བྱོན། གདམས་ངག་རྣམས་གསན། བཅུ་གསུམ་ལ་ཁ་རག་ཕུག་ཏུ་བྱོན། དེར་ཇོ་དན་ཀུན་རྒྱལ་ཕྱག་ཕྱིར་འབྱོར། ཁོ་བསོད་སྙོམས་ལ་སོང་བའི་ཤུལ་དུ་ཁ་བ་ཆེན་པོ་བབ་པས་ཁོ་མ་ཐར། སྙིང་རུས་ཆེན་པོས་ཕྱི་ནས་བསྐོས། ཆོས་རྗེས་ནང་ནས་བརྐོས་པས་ཐུག་ཙམ་བྱུང་། དེར་སྙུན་གཞི་ལྕི་བ་བྱུང་བས། སྡིག་སྒྲིབ་དག་པའི་རྟགས་བཟང་། དེར་ལོ་གསུམ་བཞུགས། དེ་རྗེས་གནམ་མཚོ་ཕྱུག་མོའི་དོ་ལ་སྒོམ་པར་བྱོན། དེ་དུས་མཚོ་རུལ་དར་མ་ཆགས་པ་ལ། ཉ་པ་གཞོན་ནུ་ཞིག་གིས་དང་བླངས་བྱས། དེའི་ཕུ་བོ་ན་རེ། ཁྱོད་ལས་ང་དྲག་ཨེ་འོང་ཟེར། རྫིངས་ཆུང་ངུ་ཞིག་བཏང་ནས་མཚོའི་དཀྱིལ་ཙམ་སླེབས་པ་ན་རླུང་དམར་འཁྲུགས། དེའི་རྦ་རླབས་ལོངས་ནས། ཉ་པ་ན་རེ། ངས་མ་ཕྱིན་ན་དྲག་བྱས་པས་ཁྱོད་ཀྱི་མ་ཉན། ད་འཆི་བ་ལས་མེད་ཟེར། མོས་གུས་ཀྱི་གདུང་བས་ཆོས་རྗེ་མངོན་སུམ་དུ་ཕེབས་ནས། བུ་འཇིགས་པ་མེད་དོ། །གསུང་སྙམ་པ་ཞིག་ལ། རྦ་རླབས་ཞི། དོའི་རྩ་ན་ཕེབས་དུས། ཉ་པའང་དད། དེར་ཕྱེ་ཁུར་གཅིག་ལ། བགོ་བཤའ་མཛད་ནས ལོ་གཉིས་ཀྱི་གསོལ་རྒྱགས་མཛད། སྐབས་ཤིག་ན་དར་ཆགས་ནས། ཕྱི་དོར་བྱོན། སླར་ནང་དུ་འབྱོན་རྩིས་ལ། རྐྱེན་ཞིག་གིས་ཞྭ་མོ་དོ་ལ་བྱོན། དེར་ཉེ་གནས་དགེ་འདུན་དར་ཞག་ཤས་བསྡད་ནས་འགྲོ་རྩིས་ལ། དར་ཞིག་ནས་ནང་དུ་ལུས། ཁོང་ལ་གྲོ་ཆས་མང་བར་ཡོད་ཀྱང་སྲི་མ་ཤེས་པས་ཟད། འཚོ་བ་དཀའ་ཐུབ་ངང་ཡུན་རིང་བཞུགས། ཆོས་རྗེས་སྣ་དྲངས་ནས། ཕ་རོལ་རུ་གསེབ་ཞིག་ཏུ་སླེབ་པའི་ཚེ། དགོང་མོ་རི་ལ་ཕྱུག་འཚོར་འགྲོ་བ་རྣམས་ལོག་ནས། དེ་རིང་རུ་གསེབ་ཏུ་བཙུན་པ་གཉིས་མ་བྱུང་ངམ། ཞྭ་མོ་དོ་ནས་ཁོང་གཉིས། ཆུ་ལ་མ་བྱིང་བར་འབྱོན་སོང་ཟེར་བས་ཀུན་དད། དེར་དབུ་རི་དགོན་བཏབ་ནས། ཕྲིན་ལས་དང་པོ་དེར་བསྐྱངས། གདམས་ངག་གི་གཙོ་བོ་ཐུབ་པ་ལྔ་ལ་མཛད། རྫོང་སྒོའི་གངས་ལ་བཞུགས། དེར་འགོ་ཡུལ་དགོན་པ་དང་དཀར་པོ་ཆོས་ལུང་དགོན་བཅས་བཏབ། འདུས་པ་ཁྲི་ཙམ་ཚོགས། རྒྱུན་དུ་ཉིས་སྟོང་ལྷག་འདུས་ཏེ་ཕྲིན་ལས་བར་པ་དེར་བསྐྱངས། བརྒྱད་བརྒྱ་ཙམ་རི་ལ་བཀྱེ། ཆོས་ལུང་དུ་འདག་སྦྱར་ལྔ་བརྒྱ་ཙམ་བཅུག སྟོང་ལྷག་ཙམ་ཞིག་ཕྱག་ཕྱིར་ཁྲིད་དེ། ལྷོ་བྲག མོན་སོགས་སུ་བྱོན། ལྷ་ཁང་དུ་གདན་ཆགས། དེར་ཐར་པ་གླིང་དགོན་པ་བཏབ། ཕྲིན་ལས་མཐའ་མ་བསྐྱངས་ཏེ། རེ་བཞི་པ་ཆུ་ཁྱི་ ༡༢༦༥ ལོའི་ཟླ་བ་དགུ་པའི་ཚེས་ཉི་ཤུ་རྩ་གཅིག་ལ་ཞི་བར་གཤེགས། སློབ་མ་འཇམ་དབྱངས་མགོན་པོ་ལ་སོགས་པའི་མཁས་པ་གསུམ། རས་པ་གསུམ། ཨ་ལོ་ཤཱཀྱ་གསུམ། རྣལ་འབྱོར་གསུམ་སོགས་མཐའ་ཡས་སོ། །

{{#arraymap:ལོ་རས་གྲགས་པ་དབང་ཕྱུག་

|; |@@@ | | }}