85559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་རི་གཉིས་པ་སྲིད་ཞི་ཡོངས་གྲོལ་ (1)
Part of speech མིང་ཚིག
Definition སྐུ་ཕྲེང་གཉིས་པ་པཎ་ཆེན་མི་ཕམ་བསྟན་འཛིན་ཕྲིན་ལས་སམ་སྲིད་ཞི་ཡོངས་གྲོལ་ནི། སྒ་འབྲི་ཆུའི་འགྲམ། རག་ན་གྲོང་སྡེར། ཡབ་རག་ན་བཀྲ་ཤིས་དང༌། ཡུམ་དབྱངས་ཅན་དཔལ་མོའི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ས་བྱི་ ༡༧༠༨ ལོར་འཁྲུངས། (གསར་རྩོམ་གི་ནང་དུ་ཤིང་ཁྱི་ ༡༦༩༤ ལོར་འཁྲུངས་པར་བཤད། སྐུ་གོང་མ་དེ་ཉིད་རབ་བྱུང་བཅུ་གཉིས་པའི་ས་ཡོས་ ༡༦༩༩ ལོར་གཤེགས་པ་དང་མི་འགྲིག་པ་མ་ཟད། བྲག་དཀར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མགོན་གནང་རི་ཁྲོད་ཀྱི་ལོ་རྒྱུས་ལས། རྗེ་ལོ་རི་བ་འདི་ཉིད་དགུང་ལོ་ང་དྲུག་ཆུ་ལུག་ ༡༧༦༣ ལོར་སྐུ་གཤེགས་པར་གསུངས་པས། དེ་ནས་ཡར་རྩིས་པའི་འཁྲུངས་ལོ་ནི་ས་བྱི་ལོ་ཡིན་པ་ལས། ཤིང་ཁྱི་ལ་ཡོང་ཐབས་མེད་དོ། ) ། སྐུ་ན་ཕྲ་མོ་ནས་འབྲི་ཀློག་ཚེགས་མེད་དུ་མཁྱེན། རྒྱལ་དབང་དྲུག་པས་ངོས་འཛིན་མཛད་པར་ངེས། སོ་གསུམ་ལ་དབུས་སུ་ཕེབས་པར་གསལ་ཏེ། དཀར་བརྒྱུད་ཕྲིན་ལས་ཤིང་རྟའི་རྣམ་ཐར་ལས། འདི་སྐབས་ཁམས་ལོ་རི་དགོན་ནས་མི་ཕམ་བསྟན་འཛིན་ཕྲིན་ལས་ཀྱང་འབྱོར་ཞེས་གསུངས་པས། དེ་དུས་རྗེ་ལོ་རི་དགུང་ལོ་སོ་གསུམ་ལ་ཕེབས་པའི་ལྕགས་སྤྲེལ་ ༡༧༤༠ ལོ་དང༌ཁེལ། གསར་རྩོམ་དུ། ལོ་དེར་མྱ་ངན་ལས་འདས་ཟེར་བ་མི་འཐད་དེ། རྒྱལ་དབང་བདུན་པའི་རྣམ་ཐར་འཕྲོ་མཐུད་འཛི་སྒར་རྡོ་རྗེ་དྲག་པོས་མཛད་པ་ལས། མིག་དམར་ཏེ་ཤིང་བྱི་ ༡༧༤༤ ལོར་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཕྱུག་པ་བླ་མ་ལོ་རི་སྤྲུལ་པའི་སྐུ་མི་ཕམ་བསྟན་འཛིན་ཕྲིན་ལས་ནས་གསོལ་བ་བཏབ་པ་ལྟར། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་གསན་པར་གསུངས་པ་དང༌། ཡང་འབྲུ་མང་སྟེ་ས་སྟག་ ༡༧༥༨ ལོར་བླ་མ་ལོ་རི་སྤྲུལ་པའི་སྐུ་རིན་པོ་ཆེ་གང་ལ། རིག་འཛིན་ཆེན་པོའི་གསུང་ཐུན་མོང་མིན་པ་འགའ་ཞིག་གི་ལྗགས་ལུང་སྐྱབས་མགོན་ལྷན་རྒྱས་ནས་གསན། དེ་རྗེས་སྤྲུལ་སྐུ་རིན་པོ་ཆེའང་སྐྱིད་གྲོང་ཕྱོགས་སུ་ཕེབས་ཞེས་གསུངས་པས་སོ། །དེ་ལྟར་རྒྱལ་དབང་བདུན་པ་དང་བླ་སློབ་གཉིས་ཆར་གྱུར་པར་གསལ་ཞིང༌། གཞན་ཡང་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་བཤེས་གཉེན་མང་པོ་བསྟེན་ནས་ལོ་རི་ཀུན་མཁྱེན་ཞེས་མཁས་གྲུབ་ཆེན་པོར་གྱུར། རིག་འཛིན་ཚེ་དབང་ནོར་བུ་སོགས་དང་ལྷན་བལ་ཡུལ་དུ་ཕེབས་ནས། འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ཆེན་པོ་ཉམས་གསོ་དང་མཆོད་འབུལ་རྒྱ་ཆེར་མཛད། འཕགས་ཤིང་མཆོད་རྟེན་གྱི་དཀར་ཆག་ལྷ་ཡི་སིལ་སྙན་ཞེས་པའང་བརྩམས། ཤིང་ཕག་ལོར་རིག་འཛིན་ཆེན་པོ་སྐྱིད་གྲོང་ཕྱོགས་སུ་གཤེགས་སྐབས། རྗེས་ཀྱི་མཛད་འཕྲོ་སོགས་ལེགས་པར་བསྒྲུབས། སྐུ་ཚེའི་སྨད་ཕལ་ཆེར་སྐྱིད་རོང་སོགས། སྟོད་དུ་ཕྲིན་ལས་བསྐྱངས་པས། དེའི་ལོ་རྒྱུས་རྒྱས་ཙམ་མགོན་གནང་རི་ཁྲོད་ཀྱི་གནས་བཤད་ལས་གསུངས་འདུག ། ང་དྲུག་པ་ཆུ་ལུག་ ༡༧༦༣ ལོའི་ནག་པ་ཟླ་བའི་ཚེས་བརྒྱད་ལ་གཤེགས་སོ། །སློབ་མ་ནི་གོང་སྨོས་དེ་དག་དང༌། གཞན་ཡང་བྲག་དཀར་གྲུབ་མཆོག་རྡོ་རྗེ་འཛིན་པ། ཡེ་ཤེས་ཆོས་གྲགས། ཀུན་སྤངས་ཤྲཱི་ཡ་པའམ་དགེ་ལེགས་འབྲུག་རྒྱལ་དང༌། ལོ་རི་ཀརྨ་ཆོས་ཉིད་རྒྱ་མཚོ་སོགས་མང་པོ་བྱུང་ངོ༌། །

{{#arraymap:ལོ་རི་གཉིས་པ་སྲིད་ཞི་ཡོངས་གྲོལ་

|; |@@@ | | }}