85560
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐུ་ཕྲེང་གསུམ་པ་ཀརྨ་ཆོས་གྲགས་དཔལ་བཟང་ངམ་མི་ཕམ་བསོད་ནམས་ཕྲིན་ལས་རྣམ་རྒྱལ་མཆོག་ནི། གསར་རྩོམ་དུ་གོང་སྨོས་ལྟར་སྐུ་ཕྲེང་གཉིས་པ་སྲིད་ཞི་ཡོངས་གྲོལ་ལ་སྐུ་རབས་གཉིས་སུ་བགྲངས་ཏེ། ཕྱི་མ་དེ་རྫ་སྟོད་བེ་རི་དཔོན་ཚང་དུ། ཡབ་ལྷ་དར་དང༌། ཡུམ་དཀར་སྒྲོན་ཞེས་པའི་སྲས་སུ་འཁྲུངས་པར་བཤད་པ་དེ། སྐུ་ཕྲེང་གཅིག་ལ་སྐུ་རབས་གཉིས་སུ་ཕྱེ་བ་དང་འཁྲུངས་ལོ་དང་མཚན་ལ་ནོར་སྐྱོན་བྱུང་འདུག་མོད། འོན་ཀྱང་དེ་ནི་སྐུ་ཕྲེང་གསུམ་པ་འདིའི་འཁྲུངས་ཡུལ་དང་ཡབ་ཡུམ་གྱི་མཚན་ཡིན་པར་སྣང་སྟེ། རྗེ་འཛི་སྒར་རྡོ་རྗེ་དྲག་པོའི་རྣམ་ཐར་དུ། ས་ཁྱི་ ༡༧༧༨ ལོར་དཔོན་ཚང་དུ་ཕྱག་ཕེབས་པ་དང་བླ་མ་ཆོས་བཟང༌། ཨ་དར་བཅས་ཕེབས་ཏེ། ལོ་རིའི་བསླུ་ཡོན་དངུལ་རྡིལ་ཚད་གཅིག ། དངུལ་སྲང་སུམ་ཅུའི་བབ་ཀྱི་ནོར། རྗེའི་དྲུང་ནས་དངུལ་རྡིལ་ཚད་བབ་ཀྱི་ནོར་བཅས་སྤྲད་ཅེས་གསུངས་པས་སོ། །དེས་ན་རྗེ་ལོ་རི་ཀརྨ་ཆོས་གྲགས་དཔལ་བཟང་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲུལ་ ༡༧༧༣ ལོར་འཁྲུངས་པར་བཤད་པ་དང་འགྲིག་གོ ། རྗེ་འཛི་སྒར་རྡོ་རྗེ་དྲག་པོའམ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་ཞབས་ཀྱིས་གོང་མའི་ཡང་སྲིད་དུ་ངོས་བཟུང་ཞིང༌། གཙུག་ཕུད་བཞེས། མཚན་མི་ཕམ་བསོད་ནམས་ཕྲིན་ལས་རྣམ་རྒྱལ་ཞེས་གསོལ། མཚན་གཞན་ཀརྨ་ཆོས་གྲགས་དཔལ་བཟང་པོ་ཞེས་ཀྱང་བཤད། རྗེ་དེ་ཉིད་ལ་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས། ཕྱག་རྫོགས་ཟུང་འཇུག་དང་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ཀྱི་ཁྲིད། ཕྱག་བཞི་པ་ཚལ་ལུགས། མ་ནིང་གཏེར་ཁ་ཀུན་འདུས་ཆགས་མེད་ཀྱི་ཡིག་ཆ། གཅོད་ཡུལ་གྱི་སྨིན་བྱེད། ཆོས་གླིང་ཕུར་པ་དང་ཚེ་དབང༌། ཕྱག་ཆེན་དང་ཆོས་དྲུག སྦྱོར་དྲུག་སོར་སྡུད་ཡན་གྱི་ཁྲིད། འོད་བརྒྱ་འབར་བ་ཡོངས་རྫོགས། མགོན་པོའི་མངོན་རྟོགས་གཞུང་དང་ཆ་ལག་བཅས་ཀྱི་ལུང༌། བླ་མ་མཆོད་པ། མི་འཁྲུགས་པ། གུ་དྲག་ཉང་གཏེར་དང་དག་སྣང༌། བདེ་མཆོག འོད་ཆོག ཚེ་ཆོག་གི་དབང་བཅས་སྨིན་གྲོལ་དཔག་མེད་གསན་བཞེས་མཛད་པར་གསུངས། གསར་རྩོམ་དུ་འདིའི་སྐུ་རིང་ལ་དགོན་འདིར་ཤོག་ནག་ལ་གསེར་བྲིས་ཀྱི་བཀའ་འགྱུར་དང༌། དངུལ་བྲིས་ཀྱི་བསྟན་འགྱུར་ཆ་ཚང༌། དྭགས་པོའི་ཐར་ལམ་གཉིས་སོགས་དང༌། མགོན་ཁང་དུ་སྨན་འདག་ལས་གྲུབ་པའི་ལྷ་མགོན་གཉིས་ཀྱི་སྐུ་སོགས་ཆོས་སྐྱོང་དུ་མའི་སྐུ་འདྲ་བཅས་བཞེངས། འབྲུག་པའི་བླ་མ་དམ་པ་དུ་མ་ལས་ཟབ་ཆོས་དཔག་ཏུ་མེད་པ་བུམ་པ་གང་བྱོའི་ཚུལ་དུ་བཞེས་ཤིང༌། སྐུ་ཚེ་དེ་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ཐུགས་ཉམས་སུ་བཞེས་པས། ས་ལམ་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང༌། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་མཐར། དགུང་གྲངས་ང་བཞི་པ་རབ་བྱུང་བཅུ་བཞི་པའི་མེ་ཁྱི་ ༡༨༢༦ ལོར་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །ཞེས་འཁོད་འདུག་གོ ། |