85564
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་པ་བེ་ཧུ་ཚང་དུ། ཡབ་བེ་ཧུ་ལྷུན་གྲུབ་དཔལ་འབྱོར་གྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་ལུག་ ༡༨༥༩ ལོར་འཁྲུངས། རྒྱལ་དབང་འབྲུག་ཆེན་དགུ་པ་འཇིགས་མེད་མི་འགྱུར་དབང་རྒྱལ་གྱི་བཀའ་ལུང་དུ། ལྷོ་ཟླ་དལ་འགྲོའི་ངོགས་སུ། །བསླབ་གསུམ་ལྡན་པའི་གཞི་མ། །བསོད་ནམས་ལྷུན་གྱིས་གྲུབ་ཅིང༌། །ཆོས་སྲིད་དཔལ་འབྱོར་རྒྱས་པའི། །མི་ཁྱིམ་བཟང་པོར་འཁྲུངས་སྣང༌། །སྲུང་མའི་བསྐང་བཤགས་གྲངས་མང༌། །སྒྲོལ་མ་འབུམ་དུ་བསྒྲུབས་ན། །མྱུར་དུ་ནང་དོན་གསལ་འོང༌། །ཞེས་འཁྲུངས་ཡུལ་དང་ཡབ་ཀྱི་མཚན་གསལ་བར་གསུངས་ནས་རིམ་བཞིན་ངོས་འཛིན་དང༌། མཚན་མི་ཕམ་ཀུན་བཟང་ཕྲིན་ལས་ཆོས་ཀྱི་རྒྱ་མཚོ་ཞེས་གསོལ་བར་མཛད། གདན་སར་སྤྱན་དྲངས་ཏེ། འབྲུག་པ་སྟོབས་བཅུ་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་པོ་ལས། ཕྱག་ཆེན། ཆོས་དྲུག རོ་སྙོམས། གཞན་ཡང་སྙན་རྒྱུད་ནོར་བུ་སྐོར་གསུམ་སོགས་ཟབ་དགུའི་མན་ངག་མང་པོ་གསན་ཏེ། སྐུ་ཚེར་གཙོ་བོར་སྒྲུབ་པ་ཉམས་བཞེས་གནང༌། ཞར་དུའང་ལས་ཅན་གྱི་གདུལ་བྱ་མང་པོ་རྗེས་སུ་བཟུང་ཞིང་སྨིན་གྲོལ་ལ་བཀོད། དགུང་ལོ་ཞེ་གཅིག་པ་ས་ཕག་ ༡༨༩༩ ལོར་མྱ་ངན་ལས་འདའ་ཚུལ་བསྟན། གདུང་ཞུགས་ལ་སྦྱངས་པས་འོད་ཀྱི་གོང་བུར་གྱུར་ཏེ་མི་མངོན་དབྱིངས་སུ་ཡལ་བ་སོགས་ངོ་མཚར་བ་རྣམས་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་ཏོ། ། |