85773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོངས་སྐུ་ (1)
Part of speech མིང་ཚིག
Definition མདོ། སྔར་བྱང་སེམས་ཀྱི་ལམ་སྒོམ་པའི་གནས་སྐབས་སུ་བྱང་སེམས་རང་ཉིད་ཀྱིས་མ་འོངས་པ་ན། གཞན་དོན་ཁྱད་པར་ཅན་འགྲུབ་པའི་ཆེད་དུ་ལོངས་སྐུ་འགྲུབ་པའི་ཐབས་ལ་གཙོ་བོ་བསོད་ནམས་ཀྱི་ཚོགས་གསོགས་ཀྱང། མཐར་སངས་རྒྱས་པའི་ཚེ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་མཆོག་གི་སྤྲུལ་སྐུའི་བདག་རྐྱེན་བྱེད་པའི་གཟུགས་སྐུ་ཞིག་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་པ་ཡིན། མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། གསུམ་པ་ལོངས་སྐུའི་ངོ་བོ་བཞག་ཏུ་ཡོད་དེ། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཅིག་ལ་འཇོག་པའི་ཕྱིར། ཞེས་གསུངས། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ཆོས་ཅན། ལོངས་སྐུ་མཚན་ཉིད་པ་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (2)
Part of speech མིང་ཚིག
Definition ལོངས་སྐུ་དང་སྤྲུལ་སྐུ་གང་རུང་ཡང་ཡིན་ངེས་པ་ལྔ་དང་ལྡན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ལོངས་སྤྱོད་རྫོགས་སྐུ་དེ་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། དེ་གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བཞུགས་པ། སྐུ་ངེས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུས་སྤྲས་པ། འཁོར་ངེས་པ་ཐེག་ཆེན་འཕགས་པ་ཤ་སྟག་གིས་སྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་གསུངས་པའི་ཁྱད་པར་རྣམས་དང་ལྡན་པའི་ཕྱིེེར་རོ། །

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (3)
Part of speech མིང་ཚིག
Definition སྐུ་གང་གིས་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པར་བཤད་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ཞི་བའི་རང་བཞིན་ཅན་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་འཇུག་པ་དང་བྲལ་བའི་ཕྱིར་རོ། །འདི་ནི་ཞི་བའི་རང་བཞིན་ཅན་ཡིན་པས་རྣམ་པར་རྟོག་པ་མི་མངའ་བ་ཡིན་ཀྱང་། དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གདུལ་བྱའི་མངོན་པར་འདོད་པའི་དོན་སྒྲུབ་པའི་རྒྱུ་ཉིད་དུ་འགྱུར་རོ། །བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་འདི་ནི་ཇི་སྲིད་འགྲོ་བ་མ་ལུས་པ་སྲིད་པ་ལས་གྲོལ་གྱི་བར་དུ་འཇིག་རྟེན་རྣམས་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་འབྱོར་བ་ཐོབ་པའི་སླད་དུ་རྟག་པར་གནས་ཤིང་། འདི་ནི་བྱང་ཆུབ་སེམས་དཔའི་སྤྲོས་པ་དག་བྲལ་བ་བསོད་ནམས་དང་ཡེ་ཤེས་ཚོགས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པ་དག་ཁོ་ན་ལ་སྣང་བར་འགྱུར་གྱི། ས་བདུན་པ་མན་ཆད་སྤྲོས་པ་དང་བཅས་པ་རྣམས་ལ་མ་ཡིན་ནོ་ཞེས་རེད་མདའ་བའི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། ཆོས་སྐུ་དེ་ཉིད་གཟུགས་ཀྱི་སྒོ་ནས་དཔག་བསམ་གྱི་ཤིང་ལྟར་མཚན་དཔེ་གསལ་བར་གྱུར་ཅིང་། མཛད་པའི་ཁྱད་པར་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྣམ་པར་མི་རྟོག་པར་ཐེག་ཆེན་གྱི་ཆོས་སྟོན་པ་དང་། སྐུ་ཚེའི་ཁྱད་པར་འཁོར་བ་མ་སྟོང་གི་བར་དུ་རྟག་པར་བཞུགས་པ་དང་། གདུལ་བྱའི་ཁྱད་པར་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཁོ་ན་ལ་སྣང་བའི་སྐུ་ནི་འདིར་བསྟན་ལོངས་སྐུའི་ངོ་བོ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་དབུ་མའི་སྤྱི་དོན་ལས་གསུངས་སོ། །

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (4)
Part of speech མིང་ཚིག
Definition ཁྱད་པར་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐཪ་ཐུག་དེ། ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད། ཁྱད་པར་ལྔ་ནི། སྐུ་སྟོན་པ། གསུང་བརྗོད་པ། ཐུགས་མཛད་པ་རྒྱུན་མི་ཆད་པ། དེ་དག་ཀུན་ལ་བཏགས་པའི་དངོས་མེད་པ་དང། སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མེད་པ་དེ། ཇི་སྐད་དུ། བརྗོད་དོན་མཛད་རྒྱུན་མི་ཆད་དང། །མངོན་པར་འདུ་བྱེད་མེད་པ་དང། །དེའི་ངོ་བོར་མི་སྟོན་ལ། །དེ་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་སོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་ཀྱིས་བརྒྱན་པའི་གཟུགས་སྐུ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པ་རྣམས་དང་ཐབས་གཅིག་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པའི་སྐུ་ཡིན་པའི་ཕྱིར་མཚན་དཔེ་འདི་དག་སྤྲུལ་སྐུ་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་ནི་གཟུགས་བརྙན་ཙམ་ཞིག་ཡོད་པ་ཡིན་གྱི། རྣམ་སྨིན་གྱི་འབྲས་བུ་དངོས་ནི་ལོངས་སྐུ་ཁོ་ན་ལ་མངའ་བ་ཡིན་ཏེ། རྒྱུད་བླར། དག་ལས་ཉེ་དང་རིང་རྣམས་ལས། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །ཞེས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། མཚན་སོ་གཉིས་དང། དཔེ་བྱད་བརྒྱད་ཅུས་སྤྲས་ཤིང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་མཚན་ཉིད་གསུམ་ལྡན་དུ་བཤད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། །

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (5)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་སྐུ་བཞི་ཡི་ནང་ཚན་ཞིག་སྟེ། མཆོག་གི་སྤྲུལ་སྐུའི་བདག་རྐྱེན་དུ་གྱུར་པའི་གདུལ་བྱ་བྱང་འཕགས་ཁོ་ནར་སྣང་དུ་རུང་བའི་གཟུགས་ཀྱི་སྐུ། དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ། ལོངས་སྐུའི་མཚན་ཉིད། ཞེས་དང་། ལོངས་སྐུའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དེའི་མཚན་གཞི་ཡིན་ཏེ། རྟོག་གེ་འབར་བ་སོགས་སུ་གསལ་ཞིང་། དེ་ནི་ཀུན་གཞི་འགོག་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་རང་རྒྱུད་པ་མན་ཆད་ཀུན་ལ་འདྲ་བ་ཡིན་པའི་ཕྱིར། ཅེས་གསུངས་སོ། །

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (6)
Part of speech མིང་ཚིག
Definition གནས་ངེས་པ། དུས་ངེས་པ། སྐུ་ངེས་པ། འཁོར་ངེས་པ། ཆོས་ངེས་པ་བཅས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཞིག་ལ་ཟེར་བ་ཡིན་ཏེ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་དགའ་བྱང་ཡིག་ཆ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དོན་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ་བློ་གསལ་གྱི་མགུལ་རྒྱན་ལས། ངེས་པ་ལྔ་ལྡན་གྱི་མཐར་ཐུག་གི་གཟུགས་སྐུ། ལོངས་སྐུའི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (7)
Part of speech མིང་ཚིག
Definition ངེས་པ་ལྔས་ཁྱད་པར་དུ་བྱས་པའི་གཟུགས་སྐུ་མཐར་ཐུག་དེ་ལོངས་སྐུའི་མཚན་ཉིད་ཡིན། ངེས་པ་ལྔ་ནི། འདྲེན་སླ་ལ། དེ་ལྟར་ཡང་རྒྱུད་བླ་མ་ལས། བརྗོད་སྟོན་མཛད་རྒྱུན་མི་འཆད་དང༌། །མངོན་པར་འདུ་བྱེད་མེད་པ་དང༌། །དེ་ཡི་ངོ་བོར་མི་སྟོན་ལ། །འདི་ནི་སྣ་ཚོགས་རྣམས་ལྔར་བརྗོད། ཅེས་གསུངས་པའི་ཕྱིར། དེ་ཡང་ལོངས་སྐུའི་འཁོར་དུ་གྱུར་པའི་བྱང་འཕགས་ཡིན་ན། ས་བཅུ་པ་པ་ཡིན་དགོས་ཏེ། འགྲེལ་པ་འདི་ཉིད་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་པ་རྣམས་དང་ཐབས་གཅིག་སྟེ། ཞེས་གསུངས་པའི་ཕྱིར།

{{#arraymap:ལོངས་སྐུ་

|; |@@@ | | }}

ལོངས་སྐུ་ (8)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ལོངས་སྐུ་ནི། སྐུ་ལྔའི་ཡ་གྱལ་ཏེ། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། དེ་ལ་སྐུ་ལྔ་ནི། ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པའི་སྤྲོས་བྲལ་གྱི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ནི་ཆོས་སྐུ། དེའི་རྩལ་ལས་སྣང་བ་དག་པ་རབ་འབྱམས་སུ་ཤར་བའི་ཆ་ནི་ལོངས་སྐུ། ཞེས་གསུངས་སོ། །

{{#arraymap:ལོངས་སྐུ་

|; |@@@ | | }}