85777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོངས་སྐུ་དང་ལྷན་ཅིག་ཏུ་སྤྲུལ་སྐུ་འགྲུབ་པའི་དཔེ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ལོངས་སྐུ་འགྲུབ་པའི་ཚེ་དེ་དང་དུས་མཉམ་དུ་སྤྲུལ་སྐུ་ཡང་འགྲུབ་པ་དཔེ་ཡི་སྒོ་ནས་སྟོན་པ་ལ་བརྗོད། དེ་ཇི་ལྟར་འགྲུབ་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། ལོངས་སྐུ་དང་ལྷན་ཅིག་ཏུ་སྤྲུལ་སྐུ་འགྲུབ་པའི་དཔེ་ཡོད་དེ། ནམ་མཁར་ཟླ་བ་ཤར་བ་དང་ལྷན་ཅིག་ཏུ་མཚོ་ལ་ཟླ་བའི་གཟུགས་བརྙན་འབྱུང་བ་བཞིན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མར། འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །གང་ལ་ཉེ་དང་རིང་རྣམས་ལ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་གསུངས། འོ་ན་ཆོས་སྐུ་དང་པོར་འགྲུབ་པའི་གནས་དེ་ཇི་ལྟ་བུ་ཞེ་ན། སྤྱིར་འོག་མིན་ཡིན་པ་ལ་ནི་རྩོད་པ་མེད་དེ། བྱང་སེམས་སྲིད་པ་ཐ་མ་པ་ཡིན་ན་འོག་མིན་པའི་ལྷའི་རྟེན་ཅན་ཡིན་དགོས་པའི་ཕྱིར་དང། འཇུག་པར། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་བའི་ཕྱིར། །སྔོན་ཚེ་སྟོབས་བཅུ་སྐྱེད་པའི་ས་ལ་ཁྱོད་ཀྱི་སླར་ཡང་འབད་གྱུར་ཅིང། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །ཞེས་གསུངས། འོན་ཀྱང་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ནང་ཚན་དུ་གྱུར་པའི་འོག་མིན་ནི་མ་ཡིན་ཏེ། དེ་འཁོར་བའི་གནས་མཚན་ཉིད་པ་ཡིན་པས་ཐེག་དམན་འཕགས་པ་རྣམས་སྐྱེ་བ་ལེན་པར་མཛད་ཅིང། ལུང་ལས་ཀྱང། གཙང་མའི་གནས་དག་སྤངས་ནས་ནི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།