85818
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་རྫོགས་སྐུའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རེ་ལ་ལྔ་རེ་སྤྲོས་པས་ཉི་ཤུ་རྩ་ལྔ་ཚང་ངོ་། དེ་དག་ཡང་སྐུ་སྣང་ལ་རང་བཞིན་མེད་པ་ཕྱོགས་བཅུར་གཟིགས་པ་རྫོགས་པའི་སྐུ་བཞི་སྟེ། བོན་སྐུ་དང་། རྫོགས་སྐུ། སྤྲུལ་སྐུ། མངོན་པར་བྱང་ཆུབ་ཀྱི་སྐུ་དང་བཞི་ཡིན་ལ་འགྱུར་བ་མེད་པ་གཡུང་དྲུང་གི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་དང་ལྔའོ། །རང་བཞིན་མེད་པ་ལས་འགྱུར་བ་མེད་ཅིང་འགག་པ་མེད་པར་གཡུང་དྲུང་ཡོངས་སུ་རྫོགས་པའི་གསུང་ནི་བཞི་སྟེ། སྐྱེ་མེད་དོན་གྱི་གསུང་དང་། དགོངས་པ་བརྡ་ཡི་གསུང། ཚངས་པ་ཚིག་གི་གསུང་། གྲགས་སྟོང་གཉིས་མེད་གསུང་སྟེ། དེ་ལ་རང་བཞིན་མེད་ཅིང་ཁྱབ་བྱེད་དུ་གྱུར་པ་སྟེ་མི་འགྱུར་གཡུང་དྲུང་གི་གསུང་ཀུན་ཏུ་གྲགས་པ་དང་ལྔའོ། །དུས་གསུམ་དུ་འཁྲུལ་པར་མི་འགྱུར་བའི་ཐུགས་གཡུང་དྲུང་ཡོངས་སུ་རྫོགས་པའི་ཐུགས་མ་གཡོས་ཏེ་སྤྲོས་པའི་མཚན་མ་རྡུལ་ཙམ་ཡང་མི་གཡོ་ལ་ཀུན་ལ་ཁྱབ་གདལ་ཤར་བའི་ཐུགས་རྗེ་བཞི་སྟེ། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོགས་པ། བྱ་བ་ནན་ཏན་གྱི་མཁྱེན་པ་བཞི་ལ་འཁྲུལ་པའི་ས་བོན་སྤངས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁྱབ་བྱེད་དུ་གྱུར་པ་འཁྲུལ་མེད་ཀྱི་ཐུགས་དང་ལྔའོ། །གཞན་དོན་འགག་མེད་དུ་འབྱུང་བ་ལ་འགྱུར་བ་མེད་པའི་ཡོན་ཏན་གཡུང་དྲུང་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མཚན་མར་མ་གྲུབ་པས་བསྟན་དུ་མེད་ལ་ཁྱད་པར་གཞན་ལས་འཕགས་ཏེ་རྨད་དུ་བྱུང་བ་སྟེ་བཞི་ནི། ཞིང་ཁམས་དང་། གཞལ་ཡས་དང་། གཞན་དོན་འོད་ཟེར་དང། རྒྱན་དང་གདན་ཁྲིའི་ཡོན་ཏན་དང་། དེ་ཡི་ཁྱབ་བྱེད་ལེགས་པ་མ་ལུས་ཀུན་ནས་འབྱུང་བའི་ཡོན་ཏན་དང་ལྔར་སྣང་བའོ། །བརྩལ་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གཡུང་དྲུང་ཡོངས་སུ་རྫོགས་པ་ནི། འབད་རྩོལ་གྱི་མཛད་སྤྱོད་ལས་འདས་པར་ལྷུན་གྱིས་གྲུབ་པ་སྟེ་བཞི་ནི། ཞི་རྒྱས་དབང་དྲག་བཞི་སྟེ། དེ་དག་གིས་རིམ་བཞིན་དུ། སྤ་སྐོང། རྗེས་སུ་བཟུང་། སྨིན་པར་བྱ། ཚར་བཅད་པ་དང་བཞི་ལ་ཁྱབ་བྱེད་དུ་གྱུར་པའི་བརྩལ་བ་མེད་པའི་ལྷུན་གྱིས་གྲུབ་པ་དང་ལྔ་རུ་བཤད་པའི་ཉེར་ལྔར་ཚང་བ་དེ་དག་གོ ། |
| Domain | ཆོས་ལུགས། |