86105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕགས་རི་བསྐལ་བཟང་ལེགས་བཤད་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་མེ་གླང་ཕྱི་ལོ་ ༡༨༧༧ ལོར་ལྷོ་ཁ་གྲ་ནང་དུ་འཁྲུངས། ཆུང་དུས་ནས་ཚོང་འདུས་དགོན་དུ་རབ་ཏུ་བྱུང་། ལྷ་སའི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཞུགས། གསོ་རིག་གི་གཞུང་ལུགས་རབ་འབྱམས་ལ་མཁས་པར་སྦྱངས། ཉེར་དྲུག་པ་བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན་ལས་གསོ་རིག་གི་མན་ངག་དང་ལག་ལེན་ཟུང་དུ་འབྲེལ་ཏེ། ལོ་དགུའི་རིང་ཐོས་བསམ་དཔྱིས་ཕྱིན་པར་མཛད། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཕྱིར་ཕེབས། སོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་བཙན་འཛུལ་དམག་ཕྱིར་བསྐྲད་བྱེད་སྐབས། རྒྱལ་རྩེར་ཕེབས་ནས་བོད་དམག་གི་སྨན་སྦྱིན་མཛད། སོ་བརྒྱད་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་འཁོར་རྣམས་ཀྱི་སྨན་སྦྱིན་མཛད་ནས་སོག་ཡུལ་དུ་ཕེབས། ཞེ་གཅིག་པར་ལུའུ་ཅུན་བོད་ལ་འབྱོར་དུས་གདན་ས་གསུམ་གྱི་སེར་དམག་གི་སྨན་སྦྱིན་དང་། གཞུང་གི་ཚོགས་འདུ་རྒྱས་འཛོམས་ཀྱི་སྨན་སྦྱིན་མཛད། ཞེ་གསུམ་པ་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གིས་སློབ་དཔོན་མཛད། གསོ་རིག་འཆད་ཉན་གྱི་ཕྱག་ལས་གནང། དོན་ལྔ་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཕྱི་ལོ་ ༡༩༥༡ ལོར་ལྕགས་པོ་རིར་སྐུ་གཤེགས། སློབ་མའི་གཙོ་བོ་ནི་མཁས་དབང་ཐུབ་བསྟན་ཚེ་རིང་ཡིན།