86165
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་མེ་སྟག་ཕྱི་ལོ་ ༡༨༦༦ ལོར་མདོ་སྨད་རྩེ་གཞུང་མགོན་ཤུལ་ཚོ་བར་ཡབ་སྐར་མ་དང་། ཡུམ་འཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་་འཁྲུངས། བྱིས་དུས་ཀྱི་མཚན་ལ་གུར་མགོན་སྐྱབས་ཞེས་གསོལ། དགུང་ལོ་དྲུག་པ་ལྕགས་ལུག་ཕྱི་ལོ་ ༡༨༧༡ ལོར་རོང་བོ་དགོན་ཆེན་སྐུ་གོང་མའི་ཁྲིར་བཀོད། ལྷ་སྡེ་དགེ་འདུན་ཡོན་ཏན་ལས་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་སྦྱངས། བརྒྱད་པ་ཆུ་བྱ་ཕྱི་ལོ་༡༨༧༣ ལོར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ཞེས་སྩལ། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་དབང་ལུང་མང་དུ་གསན། བཅུ་གཅིག་པར་རོང་བོ་དགོན་ཆེན་གྱི་རྩོ་གྲྭར་ཞུགས། དགེ་བཤེས་དགེ་འདུན་བསྟན་འཛིན། མཁན་ཆེན་དགེ་འདུན་འོད་ཟེར། དགེ་བཤེས་སྐྱི་རམས་པ་སོགས་ཡོངས་འཛིན་དུ་བསྟེན། བཅུ་དགུ་པ་ཤིང་སྤྲེལ་ཕྱི་ལོ་ ༡༨༨༤ ལོར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་བསྙེན་པར་རྫོགས། མཚན་ལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། ཉེར་གསུམ་པར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ། གྲུབ་ཆེན་འཇིགས་མེད་བསམ་གཏན། རྭ་རྒྱའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ལས་ཟབ་གསང་ཆོས་ལ་སྦྱངས། ཉེར་དགུ་པར་གདན་སའི་མཁན་ཁྲིར་བཞུགས། སོ་ལྔ་པར་རྒྱུད་པ་གྲྭ་ཚང་གསང་སྔགས་དབང་མཛོད་གླིང་གི་ཆོས་ཁྲིར་བྱོན། ཞེ་གསུམ་པར་དབེན་གནས་དཀར་པོ་གཤོང་དུ་སྒྲུབ་པ་ཉམས་ལེན་མཛད། ང་དྲུག་པར་གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་སྐྱབས་མགོན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོར་རབ་བྱུང་དང་དགེ་ཚུལ་བསྒྲུབས། ང་བརྒྱད་པར་གདན་སའི་འདུ་ཁང་གསར་བཞེངས་མཛད། བྲག་དཀར་རྡོ་རྗེ་རྫོང་དང་དབེན་གནས་ཆོས་ཀྱི་ཕོ་བྲང་གི་གཞི་བཏིངས། རེ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ་ ༡༩༢༨ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཨ་རོལ་བློ་བཟང་ལུང་རིགས་བསྟན་པའི་རྒྱལ་མཚན། བསེ་ཁྲི་རྒན་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ། རྫོང་དཀར་མ་ཎི་བ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ། གཡེར་གཤོང་སྔགས་ཆེན་ངག་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་བཅས་ཡིན། གསུང་རྩོམ་ནི་སྡོམ་གསུམ་ཁ་སྐོང་བསྐལ་བཟང་ལེགས་ལམ། ཀིརྟིའི་རྣམ་ཐར་ཆེན་མོ། ཉེར་མཁོའི་ཁྲིད་ཡིག་བཅས་པོད་བཅུ་བཞི་བརྒལ་བར་བཞུགས། མཚན་གཞན། འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། |