86200

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕམ་བླ་དགོན་ (1)
Part of speech མིང་ཚིག
Definition དཀོན་མཆོག་སེང་གེས་བཏབ། ཁོང་ཐོག་མར་ཡུལ་གྲུ་འདིར་ཕེབས་སྐབས་སྦས་པའི་ལྕམ་བླ་ཞེས་པའི་གྲོང་གི་ཕུག་ཏུ་སྒྲུབ་པ་ཉམས་བཞེས་མཛད་ནས་བཞུགས་སྐབས། ཀཿཐོག་དྲི་མེད་ཞིང་སྐྱོང་རྣམ་གཉིས་ཀྱིས་སེང་གེ་དང་སྟག་སོགས་སུ་སྤྲུལ་ནས་ཉམས་སད་ཀྱི་ཚོད་བགམ་གཟིགས། མཐར་ཐུགས་ཡིད་གཅིག་ཏུ་འདྲིས་ནས་བསྟན་དོན་གྱི་བཀའ་མཆེད་ལྷུག་པར་གནང་ཞིང་ཁྱེད་ཀྱིས་འདིར་དགོན་བཏབ་ན་ལེགས་ཞེས་མཆོག་སྤྲུལ་དྲི་མེད་ཞིང་སྐྱོང་ནས་བཀས་སྐུལ་བ་ལྟར་རྣམ་པ་གཉིས་ཀྱིས་ས་གཟིགས་མཛད། ལྕམ་བླ་དཀོན་མཆོག་སེང་གེ་ལ་སྐུ་ཕྲེང་བཅུ་གསུམ་བྱོན་པས། དེ་ལ་གཞིགས་ན་དགོན་པ་འདི་རབ་བྱུང་བཅུ་གསུམ་པ་ཡས་མས་ཞིག་ལ་བཏབ་སྙམ། གྲུབ་དབང་དཀོན་མཆོག་སེང་གེ་དེ་ཉིད་ཀྱིས་ཇོ་ར་གསེར་མཚོ་ནས་གསེར་གཏེར་བཏོན་ནས་གསེར་དངུལ་བཀྲ་མའི་ཡུམ་འབྲིང་གི་གླེགས་བམ། ཁོང་གིས་ཕྱག་བཟོ་གནང་བའི་ཕྱག་རྡོར་གྱི་སྐུ་བརྙན་བྱིན་རླབས་ཅན་གཙོས་སྐུ་བརྙན་འགའ། བཀའ་གདམས་མཆོད་རྟེན་ཆ་གཅིག་སོགས་བཞུགས། །ལྕམ་བླ་དགོན་ཟེར་བའི་རྒྱུ་མཚན་ནི། ལྕམ་བློ་གྲོས་ཞེས་པའི་མིང་ལས་ཐོགས་པ་ཡིན་སྙམ། དུས་འགྱུར་སྐབས་དགོན་འདི་ཡང་ཤུལ་ཙམ་ལས་རྨང་ནས་མེད་པར་བཟོས་ཀྱང་། དགོན་འདིའི་གྲྭ་མང་དང་དད་ལྡན་མང་ཚོགས་ཀྱིས་མགོན་ཁང་གསར་བཞེངས་བྱས། དེའི་ནང་རྟེན་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་དང་། རྒྱལ་བའི་བཀའ་འགྱུར་སོགས་བཞུགས།