86294

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕེ་ཚ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཏེ། རྩ་བ་སེར་ནག་ཕྲ་ལ་ཅུང་ཟད་རིང་བར་ཨ་ར་ལྟ་བུའི་རྩྭ་ཕྲན་མང་པོ་ཡོད་པ། ལོ་མ་སྔོ་ལྗང་ཆུང་ལ་མཐུག་པ་རྩེ་གསུམ་དང་ལྡན་པར་འོད་མདངས་མཆིས་ཤིང༌། ངར་པ་རིང་པ་ཆུ་རུག་སྦལ་ལག་གི་ལོ་དབྱིབས་འདྲ་བ་ཁ་ཤས་གཞི་རྩ་ནས་མཉམ་དུ་སྐྱེ་བ། སྡོང་པོ་ཕྲ་ལ་ཐུང་བ་གསུམ་ཙམ་སྐྱེ་བའི་སྟོད་ཆ་ནས་ཡལ་ག་གྱེས་ཤིང༌། ཡལ་ག་གྱེས་མཚམས་ནས་ལོ་མ་ཕྲ་མོ་གསུམ་རེ་སྐྱེས་ཡོད། མེ་ཏོག་སེར་པོ་ཆུང་ཞིང་འདབ་མ་ལྔ་དང་ལྡན་པར་འོད་མདངས་རྒྱས་ལ་ཟེའུ་འབྲུའང་སེར་པོ་ངར་པ་རིང་བ་རྐྱང་པ་རེ་ཡལ་ག་དང་སྡོང་པོའི་རྩེར་འཆར་བ། འབྲུ་གུ་ཞིབ་མོ་མང་པོ་ཡོད་པ་བཅས། བོད་ཀྱི་རི་ཀླུང་གང་དུའང་ན་གཤོངས་དང༌། སྤང་གཤོངས་ཀྱི་ཆུ་ཡུར་འགྲམ། འདམ་རའི་ཉེ་འཁོར། ལྷས་རྙིང་སོགས་སྲིབ་ཀྱི་བཞའ་ཚན་ཆེ་བའི་སར་སྐྱེ་བ་མང༌། བོད་ཟླ་དྲུག་པའི་ནང་ལོ་མ་དང་མེ་ཏོག་གཉིས་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བས་མེ་དྲོད་ཉམས་པ་དང༌། སྐྲན་གྱི་ནད། རྨ་རུལ་བ། གག་པའི་ནད། ཆུ་བསགས་པ་སོགས་ལ་ཕན་པ་ཡིན།