86451

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བ་ (1)
Part of speech མིང་ཚིག
Definition འཇིག་རྟེན་དང་དངོས་པོའི་ཆོས་ཉིད་ལ་རང་ལུགས་ཡོད་པའི་བསམ་བློའི་འཛིན་ཚུལ་ལམ་གྲུབ་མཐའ་སྟེ།
Keyword True
Example ལྟ་བ་ཡང་དག་པ་ལྡན་པའི་གང་ཟག་ཅེས་པ་ལྟ་བུ།
ལྟ་བ་ (2)
Part of speech མིང་ཚིག
Definition དངོས་པོ་གང་ཞིག་མཐོང་བར་བྱེད་པའམ་རིག་པར་བྱེད་པའི་བྱ་མིང།
Keyword True
Example དེབ་ལ་ལྟ་བ། ཕན་ཚུན་མིག་ཟུར་གྱིས་ལྟ་བ་ཞེས་པ་ལྟ་བུ།
ལྟ་བ་ (3)
Part of speech མིང་ཚིག
Definition བརྟག་དཔྱད་དམ་ཞིབ་འཇུག་བྱེད་པའི་དོན་ཏེ།
Example ནད་པའི་རྩ་ལ་ལྟ་བ། ཚོད་ལྟ་བ་ཞེས་པ་ལྟ་བུ།
ལྟ་བ་ (4)
Part of speech མིང་ཚིག
Definition ཆགས་པ་དང་ཕྱོགས་རིས་བྱེད་པའི་དོན་ཏེ།
Example དབང་གྲགས་ཀྱི་ངོར་ལྟ་བ། གཉེན་ཉེ་དུ་ཡིན་པའི་ངོར་ལྟ་བ། ཐོབ་དང་གོ་སའི་ངོར་ལྟ་བ་ཞེས་པ་ལྟ་བུ།
ལྟ་བ་ (5)
Part of speech མིང་ཚིག
Definition མདོ། ལྟ་བ་ནི་ཤེས་རབ་ཀྱི་ཆར་གཏོགས་པ་ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། །
Domain ཆོས་ལུགས།
ལྟ་བ་ (6)
Part of speech མིང་ཚིག
Definition འཇིག་ལྟ་སོགས་ཤེས་བྱ་ལ་ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པ་དང། ལྟ་ངན་ཞིག་ལ་མཆོག་ཏུ་ལྟ་བ་དང་། ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལས་སྡིག་སྒྲིབ་འདག་པར་སྒྲོ་འདོགས་པའི་ཤེས་རབ་ཉོན་མོངས་ཅན་བཞི་དང་། ལས་འབྲས་སོགས་ཕལ་ཆེར་ལ་སྐུར་བ་འདེབས་པའི་ཤེས་རབ་ཉོན་མོངས་ཅན་གཅིག་སྟེ་ལྔ་བོ་གང་རུང་ལ་ཉོན་མོངས་ཅན་གྱི་ལྟ་བ་ཞེས་བརྗོད་པ་ཡིན་ཏེ། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ལྟ་བ་ལྔ་བོ་འདི་དག་ལས་སྒྲོ་འདོགས་པའི་ལྟ་བ་ནི་དུ། སྐུར་བ་འདེབས་པའི་ལྟ་བ་ནི་དུ་ཞེ་ན། བཞི་ནི་སྒྲོ་འདོགས་པའི་ལྟ་བ་སྟེ། ཤེས་བྱ་ལ་ངོ་བོ་ཉིད་དང་ཁྱད་པར་དུ་སྒྲོ་འདོགས་པ་དང། ལྟ་བ་ལ་མཆོག་དང་འདག་པར་སྒྲོ་འདོགས་པའི་ཕྱིར་རོ། །གཅིག་ནི་ཕལ་ཆེར་ལ་སྐུར་བ་འདེབས་པའི་ལྟ་བའོ། །ཞེས་གསུངས་པའི་ཕྱིར།
ལྟ་བ་ (7)
Part of speech མིང་ཚིག
Definition ལྟ་སྒོམ་སྤྱོད་འབྲས་བཞིའི་ཡ་གྱལ་གྱི་ལྟ་བ་སྟེ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་ལྟ་སྒོམ་སྤྱོད་འབྲས་བསྡུས་དོན་ལས། ལྟ་བའི་དོན་ངོས་བཟུང་བ་ནི། སངས་རྒྱས་ཀྱི་བསྟན་པ་བརྗོད་བྱ་བདེན་པ་གཉིས་ལ་བརྟེན་པ་ལས། རེ་ཞིག་ཀུན་རྫོབ་བདེན་པའི་གནས་ལུགས་ནི། སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི། ལེགས་པར་འདི་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཅིང་། རང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ལ། མ་བརྟགས་མ་དཔྱད་པའི་ངོར་སྣ་ཚོགས་སུ་སྣང་ཡང་། སྣང་བ་ལྟར་གྱི་དངོས་པོར་མི་བདེན་པར་རྨི་ལམ་དང་སྒྱུ་མའི་སྣང་བ་དང་མཚུངས་པ་ནི་ཀུན་རྫོབ་བདེན་པའི་གནས་ལུགས་སུ་ཤེས་པར་བྱའོ། །དོན་དམ་བདེན་པའི་གནས་ལུགས་ནི། མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་ལུགས་སྨྲ་བ་རྣམས་ནི། འདི་ལྟར་སྣང་བའི་དངོས་པོ་ལ། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ནི་དོན་དམ་སྟེ། །ཡེ་ནས་གནས་པའི་མཚན་ཉིད་དོ། །ཞེས་འབྱུང་བ་ལྟར་ཀུན་རྫོབ་ཀྱི་བདེན་པ་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་དག་པར་ན། གང་དུ་མ་གྲུབ་པ་ཉིད། དོན་དམ་བདེན་པའི་གནས་ལུགས་སུ་འདོད་པ་མང་ན་ཡང་། དེ་ནི་རེ་ཞིག་མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་དུ་བསྟན་པའི། དོན་དམ་བདེན་པའི་མཚན་ཉིད་ཙམ་ཞིག་ཡིན་ལ། མཐར་ཐུག་སྔགས་ཀྱི་ཐེག་པའི་བདེན་པར་གསུངས་པའི་དོན་དམ་བདེན་པ་ནི། འཕགས་པ་ལྷའི་ཞལ་ནས། མུན་དང་བྲལ་བའི་སྐད་ཅིག་མ། །འོད་གསལ་བློ་གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་ཀྱིས་སྟོང་པས་ན། སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ། དེ་བཞིན་གཤེགས་པའི་སྙིང་པོ་དང་། དང་པོའི་སངས་རྒྱས་ཞེས་གསུངས་པ་ཉིད་མཐར་ཐུག་གི་མཉམ་བཞག་གི་ཐེག་པའི་སྐབས་སུ་དོན་དམ་པའི་བདེན་པར་ཤེས་པར་བྱའོ། །དེ་ལྟར་ན་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པར་ཤེས་པ་ནི་ལྟ་བ་རྣམ་པར་དག་པ་ཡིན་ནོ། །ཞེས་བྱུང་ངོ་། །