86474

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བ་མཆོག་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ལྟ་བ་ལྔའི་ནང་གསེས་ཤིག་སྟེ། ལྟ་བ་དང་པོ་གསུམ་པོ་དང༌ཟག་བཅས་ཉེར་ལེན་གྱི་ཕུང་པོ་སོགས་དམན་པའི་དངོས་པོ་ལ་དམིགས་ནས་མཆོག་དང་ཁྱད་པར་དུ་འཕགས་པར་བལྟ་བ་སྟེ། མཆིམས་མཛོད་ལས། ལྟ་བ་དང་པོ་གསུམ་ལ་སོགས་པ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འཕགས་པ་རྣམས་ཀྱིས་སྤངས་པས་དམན་པ་རྣམས་ལ་དམིགས་ནས་བདེ་བ་དང་གཙང་བ་ལ་སོགས་པ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ལྟ་བ་དང༌། ཞེས་གསུངས།
Domain ཆོས་ལུགས།
ལྟ་བ་མཆོག་འཛིན་ (2)
Part of speech མིང་ཚིག
Definition ལྟ་བ་མཆོག་འཛིན་ཞེས་པ་ནི། ལྟ་ངན་གཞན་རྣམས་དང་། དེ་གང་ལ་བརྟེན་ནས་འབྱུང་བའི་གནས་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ལྟ་བ་མཆོག་ཏུ་འཛིན་པ་གང་ཞེ་ན། ལྟ་བ་དང་ལྟ་བའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་ལ་མཆོག་དང། གཙོ་བོ་དང། ཁྱད་པར་དུ་འཕགས་པ་དང། དམ་པར་ཡང་དག་པར་ལྟ་བའི་བཟོད་པ་དང་། འདོད་པ་དང། བློ་གྲོས་དང། རྟོག་པ་དང་། ལྟ་བ་གང་ཡིན་པ་སྟེ། ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདིའི་བྱེད་ལས་ལ་ལྟ་ངན་ལ་མངོན་པར་ཞེན་པའི་རྟེན་བྱེད་པར་གསུངས་པ་ནི་ཚེ་འདི་ཕྱི་ཀུན་ཏུ་ལྟ་ངན་དང་མི་འབྲལ་བའི་བགས་ཆགས་འཇོག་པར་བྱེད་པའོ། །
ལྟ་བ་མཆོག་འཛིན་ (3)
Part of speech མིང་ཚིག
Definition ལྟ་བ་མཆོག་འཛིན་གྱི་ངོ་བོ་ནི། ལྟ་བ་སོགས་དམན་པའི་ཟག་བཅས་ལ་མཆོག་ཏུ་ལྟ་བའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ཞེས་བརྗོད་པར་བྱ་བའི་རིགས་པ་ལས་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་འབྱུང་བས་ལྟ་བ་དང་པོ་གསུམ་ལ་སོགས་པ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འཕགས་པ་རྣམས་ཀྱིས་སྤངས་པས་དམན་པ་རྣམས་ལ་དམིགས་ནས་བདེ་བ་དང་གཙང་བ་ལ་སོགས་པ་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་དམ་པར་ལྟ་བའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །