86649

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ་བཅབས་ཉེས་བཤགས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ལྟུང་བ་བཅབས་པའི་ཉེས་པ་དག་པའི་ཆེད་དུ་ཉེས་པ་དེ་དག་ཡུལ་དང་རྟེན་ཁྱད་པར་ཅན་ལ་ཆོ་གའི་སྒོ་ནས་བཤགས་པ་བྱ་བ་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ལྟུང་བ་བཅབས་ཉེས་བཤགས་ཚུལ་ཡོད་དེ། དགོས་དོན་དང་། བསྡུས་དོན་གཉིས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཉེས་པ་དེ་དག་པའི་ཆེད་དུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཉེས་པ་གང་བཤགས་པ། ཡུལ་གང་ལ་བཤགས་པ། རྟེན་གྱི་གང་ཟག་གང་གིས་བཤགས་པ། ཆོ་ག་ཇི་ལྟ་བུས་བཤགས་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ལྟུང་བ་བཅབས་པའི་ཉེས་པ་ཡིན་པ། བསྡམ་བྱའི་ཉེས་བྱས་དང་། ཕམ་ལྷག་བཅབས་པའི་ཉེས་པ་ལས་གཞན་ཡིན་པ། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ་དེ་བཤགས་པར་བྱ་བ་ཡིན་པའི་ཕྱིར། བསྡམ་བྱའི་ཉེས་བྱས་དང་། ཕམ་ལྷག་བཅབས་པའི་ཉེས་པ་གསུམ་ལས་གཞན་པ་གཅིག་དགོས་ཏེ། སྔ་མ་བཤགས་མི་དགོས། གཉིས་པ་འདག་ཏུ་མི་རུང་། གསུམ་པ་སྤོ་བ་སྤྱོད་པས་དག་པར་བྱ་དགོས་པའི་ཕྱིར། གཉིས་པ་ཡོད་དེ། དགེ་སློང་ཆོས་བརྒྱད་ལྡན་གྱི་མདུན་དུ་བཤགས་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། སྔར་བཞིན་ཆོས་བཞི་ལྡན་གཅིག་དགོས་པའི་ཕྱིར། བཞི་པ་ཡོད་དེ། སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བཤགས་པར་བྱ་བ་ཡིན་པའི་ཕྱིར། སྦྱོར་བ་ཡོད་དེ། སྤྱིར་བཤགས་པ་ཐམས་ཅད་ལ་བཤགས་ཡུལ་བསླབ་པ་རྒན་པ་དང་། དགེ་འདུན་དུ་ལོངས་ན་ཕྱག་བྱ་བ་དང་། མ་ལོངས་པའི་བསླབ་པ་གཞོན་ན་འདུད་པ་སོགས་ཀྱི་སྤྱོད་ལམ་བསྟེན་པར་བྱ་བ་ཡིན་ལ། ཁྱད་པར་སྤང་ལྟུང་ཕྱིར་བཅོས་པ་ལ་སྤང་རྒྱུའི་དངོས་པོ་ཞག་གཅིག་གི་སྤང་འབྲལ་སྔོན་དུ་བཏང་དགོས་པའི་ཕྱིར། དམིགས་བསལ་གང་ཟག་ཁྱད་པར་ཅན་ལ་ནི། དེ་སྔོན་དུ་མ་བཏང་ཡང་བཤགས་པས་འདག་གོ ། དངོས་གཞི་ཡོད་དེ། སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བཤགས་པར་བྱ་བ་ཡིན་པའི་ཕྱིར། མཐོལ་བ་སྔོན་དུ་སོང་ན་བཤགས་པ་རྐྱང་པས་ཆོག ། མ་སོང་ན་མཐོལ་བཤགས་དུས་གཅིག་ལ་བྱའོ། །ཞེས་གསུངས།
Domain ཆོས་ལུགས།