86688

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བའི་དགག་དབྱེ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དབྱར་གྱི་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་དགག་པ་ལ་སོགས་པ་དབྱེ་བས་ན་ལྟུང་བའི་དགག་དབྱེ་ཟེར་བ་ཡིན་ནོ། །པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དངོས་གཞི་ཡོད་དེ། ལྟུང་བའི་དགག་དབྱེ་དང་། རྫས་ཀྱི་དགག་དབྱེ་གཉིས་ཡོད་པའི་ཕྱིར། དང་པོ་འཆད་པ་ལ། མདོར། དགག་དབྱེ་བྱས་ཟིན་གྱི་བར་དུ་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ། །དེ་ལ་དགག་དབྱེ་གོ་བར་བྱ་བ་ནི་ལན་གསུམ་མོ་ཞེས་འབྱུང་སྟེ། དགེ་སློང་དགག་དབྱེ་བྱེད་པའི་མདུན་དུ་ཙོག་པུར་གནས་ནས་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་བྱ་བ་ཡིན་ནོ། །དེ་ཡང་རྩྭ་དུར་བ་སྟེ་ཀུ་ཤ་གཉིས་ཀའི་ལག་ཏུ་བཟུང་ནས་ཇི་ལྟར་རྩ་ཀུ་ཤ་འདི་དག་འདུད་པར་བྱེད་པ་དེ་བཞིན་དུ་བདག་ཀྱང་ལྟུང་བ་ཆོས་བཞིན་དུ་བྱ་བའི་ཕྱིར་དུ་འདུད་པར་བྱེད་དོ་ཞེས་མཚོན་པ་ཡིན་པར་གཞི་འགྲེལ་མཁན་པོ་དགེ་ལེགས་བཤེས་གཉེན་གྱིས་བཤད་དོ། །དེའི་མཇུག་ཏུ་བྱ་བ་ཡོད་དེ། མདོར། དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་འདུན་ལ་གོ་བར་བྱའོ། །ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་སྒྲུབ་པར་བྱའོ། །ཞེས་འབྱུང་བས་བསྟན་ཅིང་། དོན་དེ་ཡང་དགག་དབྱེ་བྱས་ཟིན་པའི་མཇུག་ཏུ་དགག་དབྱེ་བྱེད་པ་པོས་དགེ་འདུན་གྱིས་དགག་དབྱེ་མཛད་ཅེས་གོ་བར་བྱ་ཞིང་། དགེ་འདུན་གྱིས་ཀྱང་ལེགས་པར་མཛད་ཅེས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།