86689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བའི་དབྱེ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བའི་བྱེ་བྲག་གམ་ནང་གསེས་མི་འདྲ་བ་སོ་སོར་ཡོད་པ་རྣམས་ལ་ལྟུང་བའི་དབྱེ་བ་ཟེར་བ་ཡིན་ནོ། དེའི་གྲངས་འདྲེན་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། དགེ་སློང་ཕ་ལ་སྤང་བྱའི་ལྟུང་བ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་སློང་མ་ལ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་བཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག ། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། དེ་དག་སྡོམ་གྱིས་བསྡུས་པ་ཡིན་ལ། སྡེ་ཚན་གྱི་སྒོ་ནས་བསྡུ་ན་ལྔ་སྟེ། ཕམ་པ་ལྷག་མ་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས་སུ་ཡོད་པའི་ཕྱིར་དང་། དགེ་སློང་གི་ལྟུང་བ་རྣམས་སྡེ་ལྔ་པོ་དེར་འདུས་པ་ཡང་ཡིན་པའི་ཕྱིར། ཁོ་ན་རེ། མི་འཐད་དེ། སྤོམ་པོ་དེར་མ་འདུས་པའི་ཕྱིར། ཞེ་ན་མ་གྲུབ་སྟེ། ཕམ་ལྷག་གང་རུང་དུ་འདུས་པའི་ཕྱིར་ཏེ། ཕམ་པའི་སྦྱོར་བའི་སྦོམ་པོ། ཕམ་པའི་དངོས་གཞིའི་ན་སྨད་ཀྱི་སྦོམ་པོ། ཕམ་པའི་སྦྱོར་བའི་རྣམ་པའི་ན་སྨད་ཀྱི་སྦོམ་པོ་གསུམ་ཕམ་པའི་སྡེར་འདུས། ལྷག་མའི་གསུམ་པོ་ལྷག་མའི་སྡེར་འདུས་པའི་ཕྱིར་ཏེ། འོད་ལྡན་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང་། ལྷག་མ་ལས་བྱུང་བའོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྔར་བཤད་པ་མི་འཐད་དེ། མ་ངེས་པ་གཉིས། སྡེ་ལྔ་པོ་དེར་མ་འདུས་པའི་ཕྱིར། ཞེ་ན་མ་གྲུབ་སྟེ། གསུམ་དུ་མ་ངེས་པ། ཕམ་ལྷག་ལྟུང་བྱེད་གསུམ་པོ་གང་རུང་དུ་འདུ། གཉིས་སུ་མ་ངེས་པ། ལྷག་མ་དང་ལྟུང་བྱེད་ཀྱི་ནང་དུ་འདུ་བའི་ཕྱིར་ཏེ། གནས་དབེན་པ་སྐྱབས་ཡོད་དུ་དགེ་སློང་བུད་མེད་དང་ལྷན་ཅིག་འདོམ་གང་གི་ནང་དུ་གནས་པ་དེ་ལ་ཕམ་ལྷག་ལྟུང་བྱེད་གསུམ་པོ་གང་རུང་བྱུང་ལ། གསུམ་པོ་འདི་བྱུང་མ་ངེས་ཤིང་། དགེ་སློང་གིས་བུད་མེད་དང་འདོམ་གང་གིས་བར་དུ་བཅད་པར་འཁྲིག་པ་བསྟེན་དུ་མི་རུང་བར་གནས་པ་ལ་ལྷག་མ་ལྟུང་བྱེད་གཉིས་པོ་གང་རུང་བྱུང་ལ། གཉིས་པོ་འདི་བྱུང་མ་ངེས་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།