87234

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡེམ་པོར་དགོངས་པའི་མདོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དགོས་པ་གཞན་ཞིག་གི་ཕྱིར་དུ་སྒྲ་ཇི་བཞིན་པ་མ་ཡིན་པར་གསུངས་པའི་དྲང་དོན་གྱི་མདོར་དམིགས་པ། ལྡེམ་པོར་དགོངས་པའི་མདོའི་མཚན་ཉིད། དེ་ལ་དབྱེ་ན། མདོ་སྡེ་རྒྱན་ལས། གཞུག་པ་ལྡེམ་པོར་དགོངས་པ་དང༌། མཚན་ཉིད་ལྡེམ་པོར་དགོངས་པ་དང༌། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་གསུངས་པ་ལྟར། གཞུག་པ་ལྡེམ་པོར་དགོངས་པའི་མདོ། མཚན་ཉིད་ལྡེམ་པོར་དགོངས་པའི་མདོ། གཉེན་པོ་ལ། བསྒྱུར་བ་ལྡེམ་པོར་དགོངས་པའི་མདོ་དང་བཞི། དང་པོ་ནི། ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་ཐེག་ཆེན་དུ་འཇུག་བའི་ཕྱིར་དུ་བདེན་གྲུབ་ཡོད་པར་སྟོན་པའི་མདོ་ལྟ་བུ། གཉིས་པ་ནི། ཀུན་བརྟགས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅིང་གཞན་དབང་དང་ཡོངས་གྲུབ་གཉིས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པའི་མདོ་ལྟ་བུ། གསུམ་པ་ནི། བདག་ཅག་གི་སྟོན་པས་སངས་རྒྱས་རྣམ་གཟིགས་ཀྱི་བསྔགས་པ་བརྗོད་པ་ན་ཞེས་སོགས་ཀྱི་མདོ་ལྟ་བུ། བཞི་པ་ནི། རབ་ཏུ་གྲགས་པའི་ཡི་གེ་ངན་པ་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བའི་མདོ་ཞིག་ལ་བྱེད་ཅིང༌། དེ་ཡང༌། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། ༑བྱང་ཆུབ་དམ་པ་ཐོབ་བར་འགྱུར། །ཞེས་པ་ལྟ་བུ་ལ་བྱེད་དེ། དེ་ཡང་སྙིང་པོ་ནི་རྣམ་གཡེང་དང༌། །སྙིང་པོ་མེད་ཅེས་པ་ནི་དེ་མེད་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ་སྙིང་པོར་ཤེས་ཞེས་པའི་དོན་དང༌། ཕྱིན་ཅི་ལོག་ལ་ཞེས་པས་ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པའི་བློ་ལས་ཕྱིན་ཅི་ལོག་སྟེ་མི་རྟག་པ་ལ་སོགས་སུ་འཛིན་པའི་ཤེས་རབ་ཀྱི་བསླབ་པ་བསྟན། ཉོན་མོངས་པས་ཞེས་པས་ཚུལ་ཁྲིམས་བསྲུང་བའི་དཀའ་སྤྱད་ཀྱི་ཉོན་མོངས་པ་ལ་བྱེད་པས་ཚུལ་ཁྲིིམས་ཀྱི་བསླབ་པ་བསྟན། རབ་ཉོན་མོངས་ཞེས་པ་ནི་གཞན་དོན་དུ་དཀའ་སྤྱད་ཀྱི་ཉོན་མོངས་པ་ལ་བྱེད་པས་དེས་སྙིང་རྗེ་ཆེན་པོ་བསྟན། དེས་ན་བསླབ་པ་གསུམ་ལ་གནས་ནས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་དོན་ལ་འབད་ན་བྱང་ཆུབ་དམ་པ་འཐོབ་པར་འགྱུར་ཞེས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།