87373
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་གྲགས་ལྡན་མཆོག་སྐྱོང་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལོ་རྒྱུས་སྐབས། གསང་བདག་ཕྱག་ན་རྡོ་རྗེའི་འཁོར་དུ་གྱུར་པའི་ལྷའི་རིག་པ་འཛིན་པ་ཞིག་སྟེ། དམ་པའི་རིགས་ཅན་དྲ་མ་ལྔའི་ཡ་གྱལ་ཞིག་ཡིན། འདི་ཉིད་ཀྱིས་འཇམ་དཔལ་དབྱངས་དང་ཕྱག་ན་རྡོ་རྗེ་གཉི་གའི་དྲུང་ནས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་གསན་པར་སྣང་སྟེ། ཡིད་ཀྱི་མུན་སེལ་ལས། སྐུ་ཡི་སྤྲུལ་པ་འཇམ་དཔལ་ནི་མཁྱེན་རབ་མཆོག་ཏུ་གྱུར་པས་གཙོ་བོར་ལྟ་བའི་ཆོས་སྟོན་ཅིང་། མཚན་དང་དཔེ་བྱད་དུ་འབར་བས་ལྷ་ཡིས་གནས་སུ་ལྷ་རྣམས་ཀྱི་དོན་མཛད་ཅིང་། གསང་བ་དམ་པ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་གསུངས། ཞེས་དང་། ཐུགས་ཀྱི་སྤྲུལ་པ་གསང་བདག་ནི་མཐུ་སྟོབས་ཀྱི་བདག་པོར་གྱུར་པས་གཙོ་བོར་འབྲས་བུའི་ཆོས་སྟོན་ཅིང་། འཇིགས་གཟུགས་རྔམ་པའི་སྐུ་མངའ་བས་གནོད་སྦྱིན་གྱི་ཡུལ་ལྕང་ལོ་ཅན་གྱི་གནས་སུ་གནོད་སྦྱིན་རྣམས་ལ་གསང་བའི་སྙིང་པོ་འདི་ཉིད་རྒྱ་ཆེར་སྟོན་ཅིང་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་གདམས་པར་མཛད་དོ། །དེ་ནས་རིམ་བཞིན། གནོད་སྦྱིན་ལག་ན་རྡོ་རྗེ་དང་། གྲགས་ལྡན་མཆོག་སྐྱོང་། སྐར་མདའ་གདོང་གི་བར་དུ་བརྒྱུད་ཅིང་། དེས་གནོད་སྦྱིན་གྱི་ཚོམ་བུ་འབུམ་སྡེ་ལས་བསྟན་པས་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །ཞེས་གསུངས། གང་ལྟར་ནའང་། སྟོན་པ་འདས་རྗེས་ཀྱི་མི་ལོ་ཉེར་བརྒྱད་པར་རི་བོ་མ་ལ་ཡའི་རྩེ་མོར་གསང་བདག་ཕྱག་ན་རྡོ་རྗེས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་གསུང་སྐབས་ཀྱི་འཁོར་དུ་གྱུར་པའི་ལྷའི་རིག་འཛིན་ཞིག་ཡིན་པར་སྣང་། ཡང་གོང་དུ། དེ་ནས་རིམ་བཞིན་གནོད་སྦྱིན་ལག་ན་རྡོ་རྗེ་དང་། གྲགས་ལྡན་མཆོག་སྐྱོང་དང་། སྐར་མདའ་གདོང་གི་བར་དུ་བརྒྱུད་ཅིང་། ཞེས་གསུངས་པ་ལ་དཔགས་ན་དེ་མིན་པའི་གཞན་གནོད་སྦྱིན་གྱི་རིག་པ་འཛིན་པ་གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ཞེས་པ་ཞིག་ཀྱང་ཡོད་པ་འདྲ་སྟེ། གང་ལྟར་དཔྱད། |
| Domain | ཆོས་ལུགས། |