87385
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔ་ལས་རྒྱལ་བ་རིགས་ལྔའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་ལྷོ་ཕྱོགས་ཐོགས་མེད་གསས་མཁར་ལ། གདན་ནི། མཛེས་པའི་ཁྱུང་ཆེན་གྱི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་མཐིང་སྔོན་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་མཐིང་གི་དཔྱང་བུ་ལ་མེ་ཏོག་ཨུཏྤལ་ཡོངས་སུ་སྤྲས་པ། དབུ་ལ་མཐིང་གི་པྲོག་ཞུ་ལ་རིན་ཆེན་འོད་སྔོན་ཐོད་ལྡིང་བརྒྱན་པ། གཡས་པས་ལྕགས་ཀྱི་ཆགས་ཤིང་ལ་རིན་ཆེན་འབར་བས་སྤྲས་པ། གཡོན་པས་མཐིང་གི་འཁོར་ལོ་བསྐོར་བའོ། །ཕྱག་རྒྱའི་ཡུམ་ནི་ཆུའི་ལྷ་མོ་ཀུན་གསོ་མ་ཡུམ་ལ་བསྟེན་པའོ། །ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཅན་ཞིག་གོ ། ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷན་ནེ་འདུ་འདུ་གྲུབ་ཨཱོྃ། ཞེས་པའམ་གྲུབ་ཨཱོྃ་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ལྷན་ནེ་ཐབས་སུ་མཚོན། ཨཱོྃ་ནི་སྤྱིར་རྫོགས་སྐུ་མཚོན་ལ་ལུས་གནས་ཀུན་ཁྱབ་ཅིང་གནས་པར་བཤད་པས་འདིར་གྲུབ་དང་སྦྱར་བས་བསྐྱེད་བྱ་རྫོགས་སྐུ་དགའ་བ་དོན་གྲུབ་མཚོན་པའོ། །ལྷ་སྐུ་ཡིག་འབྲུའི་གནས་ཡུལ་ནི། ལུས་ཀྱི་སྟག་སྦར་རྩ་སྡོམ་ཞེས་པ་མཁལ་མའི་རྩ་ལའོ། །བྱེད་ལས་ནི། འདུ་ཤེས་ཕུང་པོའི་བདུད་བཅོམ་ནས་ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་མངོན་བྱང་གི་སྐུ་དང་རྒོད་གསས་ཁམས་པའི་སྐུ་རུ་འཐོབ་ལ། མ་རྟོགས་ན་འཕྲག་དོག་གི་ས་བོན་དུ་རྒྱུ་སྟེ་བྲེལ་འཕོངས་མི་ཡི་ཞིང་དུ་ཤར་བར་གསུངས་སོ། །ཞེས་པ་དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །མཚན་གྱི་སྒྲ་དོན་ནི། སེམས་ཉིད་གཞན་དོན་འབད་མེད་དུ་འགྲུབ་ཅིང་སྡུག་བསྔལ་མེད་པས་དགའ་བ་དོན་འགྲུབ། ཅེས་སོ། ། |
| Domain | ཆོས་ལུགས། |