87398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཆེན་བྱེ་བྲག་དངོས་མེད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔ་ལས་བདེར་གཤེགས་རིགས་ལྔའི་ནང་ཚན་ཡིན་ལ། གནས་ནི། དཀྱིལ་འཁོར་ནུབ་ཕྱོགས་ཆགས་མེད་གསས་མཁར་ལ། གདན་ནི། མཛེས་པ་གཡུ་འབྲུག་གི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་ལ་མཛེས་པ་འོད་ཀྱི་ན་བཟའ་ལ་རིན་ཆེན་སྤུངས་པའི་ཆུན་པོས་བརྒྱན་པ། དབུ་ལ་ཟངས་ཀྱི་ཟེ་པྲོག་ལ་རིན་ཆེན་འོད་དམར་གྱི་ཐོད་ལྡིང་བརྒྱན་པ། གཡས་པས་ཟངས་ཀྱི་ཆགས་ཤིང་ལ་པད་མའི་ཚོམ་བུས་སྤྲས་པ། གཡོན་པས་བྱུ་རུའི་འཁོར་ལོ་བསྣམས་སོ། །ཕྱག་རྒྱའི་ཡུམ་ནི་མེའི་ལྷ་མོ་མདངས་ལྡན་མ་ཡུམ་ལ་བསྟེན་པའོ། །ཕྲིན་ལས་ནི། སྐུ་ལ་ཕྱག་རྒྱ། གསུང་ལ་འཛབ་དབྱངས། ཐུགས་ལ་འོད་ཟེེར། ལེགས་པའི་ཡོན་ཏན། ལྷུན་འགྲུབ་ཕྲིན་ལས་བཅས་ཡོངས་སུ་རྫོགས་པར་མངའ་བ་ཞི་བའི་ཆ་བྱད་ཅན་ཞིག་གོ ། ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷན་ནེ་འདུ་འདུ་སྒྲོག་ཨཱོྃ། ཞེས་པའམ་བསྡུས་ན་སྒྲོག་ཨཱོྃ་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ་མཚོན། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པར་མཚོན། ལྷན་ནེ་ཐབས་སུ་མཚོན། ཨཱོྃ་ནི་སྤྱིར་རྫོགས་སྐུ་མཚོན་ལ་ལུས་གནས་ཀུན་ཁྱབ་ཅིང་གནས་པར་བཤད་པས་འདིར་སྒྲོག་དང་སྦྱར་བས་བསྐྱེད་བྱ་རྫོགས་སྐུ་བྱེ་བྲག་དངོས་མེད་མཚོན་པའོ། །ལྷ་སྐུ་ཡིག་འབྲུའི་བསྐྱེད་གནས་ནི། ལུས་ཀྱི་མཚེར་པའི་རྩ་སྡོམ་དུའོ། །བྱེད་ལས་ནི། ཚོར་བའི་ཕུང་པོའི་བདུད་བཅོམ་ནས་ལྷ་འདི་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཅིར་ཡང་སྤྲུལ་སྐུ་དང་གནམ་གསས་དབྱིངས་རུམ་གྱི་སྐུ་རུ་འཐོབ་ལ། མ་རྟོགས་ན་འདོད་ཆགས་ཀྱི་ས་བོན་དུ་རྒྱུ་སྟེ་ཡི་དྭགས་ཀྱི་ཞིང་དུ་ཤར་བར་གསུངས་སོ། །ཞེས་པ་དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །
Domain ཆོས་ལུགས།