87468

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བཙུན་རིན་ཆེན་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition ཁོང་ནི། གཙང་སྨྱོན་ཧེ་རུ་ཀའི་སྲས་ཀྱི་ཐུ་བོ་ཡིན། མངའ་རིས་གུང་ཐང་སྟོད་ཐང་པོ་ཆེར། ཡབ་ཁྲི་རྣམ་རྒྱལ་ལྡེའམ་ཆོས་རྒྱལ་ཤེས་རབ་དཔལ་བཟང་གི་སྲས་སུ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ ༡༤༧༣ ལོར་སྐུ་བལྟམས། ལོ་གསུམ་ནས་ཡུམ་ལ་མགུར་གསུང༌། ལྔ་པར་ཀློག་མཁྱེན། སྒང་དཀར་མཁས་བཙུན་ཀུན་དགའ་རྒྱལ་མཚན་པའི་བག་ཆགས་གསལ་བར་སད། དྲུག་པར་པཎ་ཆེན་ནགས་རིན་གྱི་སློབ་མ་ལོ་ཙཱ་བ་མཉྫུ་ཤྲཱི་ཛྙཱ་ནའི་སྤྱན་སྔར་རབ་ཏུ་བྱུང༌། མཚན་རིན་ཆེན་རྣམ་རྒྱལ་དུ་གསོལ། སྤྱོད་འཇུག བཤེས་སྤྲིང༌། ཀཱ་རི་ཀ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ་སོགས་སྦྱངས། བཅུ་གསུམ་པར་ཤེལ་ཕུག་ཆུ་ཤིང་རྫོང་དུ་གྲུབ་ཐོབ་གཙང་སྨྱོན་པ་དང་ཐོག་མར་མཇལ། པཎ་ཆེན་ཡེ་ཤེས་རྩེ་མོ་དང༌། ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་སོགས་ཀྱི་ཞབས་ལ་གཏུགས་ཏེ། མདོ་སྔགས་གཉིས་ལ་གསན་སྦྱང་མཛད། ཤངས་པ་བསོད་མཆོག་པ་ལས་བོ་དོང་སྐོར། གྲགས་པ་བྱང་ཆུབ་ལས་འབར་ཆོས་སྐོར། དཀོན་མཆོག་རིན་ཆེན་ལས་འབྲི་ཁུང་སྐོར། ལྷ་བཙུན་བདེ་ཆེན་རབ་རྒྱས་ལས་འབྲུག་སྐོར། ཆོས་རྗེ་རྒྱ་ཧོར་བ་ལས་སྒྲོན་མ་དྲུག་སྐོར་སོགས་གསར་རྙིང་རིས་མེད་ཀྱི་ཆོས་ཚུལ་མཐའ་ཡས་པར་གསན་བསམ་མཛད་པས་མཁས་པ་ཆེན་པོར་གྱུར། གྲུབ་ཐོབ་གཙང་པ་སྨྱོན་པའི་དྲུང་དུ་བྱོན། བཀའ་བརྒྱུད་ཀྱི་གདམས་པ་སྤྱི་དང༌། ཁྱད་པར་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་སྐོར་རྣམས་བུམ་པ་གང་བྱོར་མནོས་ནས། ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་སྲས་ཀྱི་ཐུ་བོར་གྱུར། ཀརྨ་པ་བདུན་པས་གནས་ཆེན་བྲག་དཀར་འཛིན་པར་ལུང་བསྟན། དེར་ལོ་དྲུག་བཞུགས་ནས་དཀའ་སྤྱད་དྲག་པོས་སྒྲུབ་པ་མཛད། གཞན་ལིང་པ་བྲག་གོང་འོག ། ཐང་པོ་ཆེའི་རི་ཁྲོད། བོན་གནས་བྲག་སོགས་བོད་རོང་གི་གནས་ཆེན་མང་པོར་སྒྲུབ་པ་མཛད་པས། ལྐོག་གྱུར་གཟིགས་པ། རྡོ་ལ་ཞབས་རྗེས་འཇོག་པ། རྦབ་གྱེན་དུ་ཟློག་པ། སྐུ་ལ་དུག་མཚོན་གྱིས་མི་གནོད་པ་སོགས་གྲུབ་རྟགས་མང་། བལ་ཡུལ་འཕགས་པ་ཤིང་ཀུན་ཞིག་གསོས་ལན་བཞིའི་བར་དུ་མཛད། དེ་བཞིན་སྐྱིད་གྲོང་འཕགས་པའི་ལྷ་ཁང་ཉམས་གསོ་དང་གསར་བཞེངས་མང་དུ་གནང༌། བྲག་དཀར་རང་དུའང་ལྷ་ཁང་དང་པར་ཁང་སོགས་བཞེངས། དེ་དང་ཉེ་བར་ཆུ་གཏེར་བཏོན་མཛད་པ་དེང་སང་ཡང་ཡོད། སློབ་མ་ནི། རབ་འབྱམས་པ་བྱམས་པ་ཕུན་ཚོགས། ནུབ་དགོན་པ་བྱམས་པ་ཆོས་རྒྱན་སོགས་མང་དུ་བྱུང༌། མངའ་རིས་ཆོས་རྒྱལ་གྱིས་ཏི་ཤྲིར་བཀུར། གསུང་རྩོམནི། གཙང་སྨྱོན་ཧེ་རུ་ཀའི་རྣམ་ཐར་སོགས་མང་ཙམ་ད་ལྟར་བཞུགས། བྲག་དཀར་རྟ་སོར་ལོ་ཉེར་ལྔ་ཙམ་བཞུགས་པའི་མཐར། གྱ་ལྔ་པ་མེ་སྦྲུལ་ ༡༥༥༧ ལོར་གནས་དེར་གཤེགས་སོ། །འདི་བྲག་དཀར་རྟ་སོའི་གདན་རབས་ཐོག་མ་ཡིན་ཞིང༌། རིམ་བཞིན་རབ་འབྱམས་པ་བྱམས་པ་ཕུན་ཚོགས་སོགས་ནས། སྲས་དཀར་བརྒྱུད་བསྟན་འཛིན་ནོར་བུའི་བར་རིམ་པར་བྱོན་པའོ། །རྗེས་མ་འདི་འཁྲུལ་ཞིག་པདྨ་ཆོས་རྒྱལ་གྱི་ཞལ་སློབ་ཡིན། སྤྱིར་གདན་འཛིན་དེ་དག་ཕལ་ཆེར་རྙིང་འབྲུག་ཟུང་འབྲེལ་གྱི་ཆོས་བརྒྱུད་འཛིན་པར་བྱུང་སྣང་ངོ༌། །