87491

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བླ་མ་བྱང་ཆུབ་འོད་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མགོར་མངའ་རིས་གུ་གེར་ཡབ་མངའ་བདག་ལྷ་ལྡེའི་སྲས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང། མཚན་ལ་བྱང་ཆུབ་འོད་ཅེས་ཞུ། ཁུ་བོ་ལྷ་བླ་མ་ཡེ་ཤེས་འོད་བཙོན་ནས་འདོན་ཕྱིར་དབུས་གཙང་གི་རབ་བྱུང་རྣམས་ལ་ཤམ་ཐབས་ཀྱི་ཁྲལ་དང་། བོད་ཁམས་གླིང་དགུའི་འབངས་ལ་གསེར་གྱི་ཁྲལ་མོ་ཆེ་ཐེངས་གསུམ་བསྡུས། ཕྱག་རྫས་ཡོད་རྒུ་གསེར་དུ་བསྒྱུར་ནས་ཁུ་བོ་བླུ་བར་གར་ལོག་ཏུ་ཕེབས་རུང་། ཁུ་བོས་ཁོང་ཉིད་བཙོན་ནས་འདོན་མ་དགོས་པར་གསེར་རྣམས་ཁྱེར་ཏེ་རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་ཞུས་ཏེ། སངས་རྒྱས་ཀྱི་བསྟན་པ་དར་འཕེལ་དགོས་པའི་བཀའ་བཞིན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ཇོ་བོ་རྗེ་གདན་འདྲེན་པར་མངགས། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་རྟ་དཀར་མི་དཀར་སུམ་བརྒྱས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པའི་མཆོད་རྫས་ཐོགས་ཏེ་ཕེབས་བསུར་བཅར། གླུ་གར་དང་བཀྲ་ཤིས་པའི་ཤིས་པ་སོགས་ཀྱིས་བསུ་བ་ཞུས། སྐབས་དེར་རག་དུང་གསར་བཟོ་བྱས་ཏེ། ཇོ་བོ་སྤྱན་འདྲེན་པའི་ཕྱིར་འབུད། དེ་ནས་བོད་དུ་དུང་ཆེན་འབུད་སྲོལ་དར། དུང་ཆེན་དེ་ལ་ལོ་པཎ་སྤྱན་འདྲེན་པའི་དུང་ཆེན་ཞེས་གྲགས། ཇོ་བོ་རྗེར་ཞུ་རྟེན་དུ་གསེར་མང་པོ་ཕུལ་ནས་ཐོག་མར་གནད་དོན་གསུམ་བཀའ་འདྲི་ཞུས། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ལགས་སམ་ཅིག་ཅར་དུ་འཇུག་པ་ལགས། ཕྱི་ནང་གི་ཁྱད་པར་གང་ལགས། དགེ་སློང་གིས་རྡོ་རྗེ་སྔགས་ཀྱི་དངོས་དབང་གོང་མ་རྣམ་གཉིས་བླང་དུ་རུང་མི་རུང་ཞེས་ཞུས་པའི་ལན་དུ། ཇོ་བོས། རིམ་གྱིས་ཡིན་གསུངས་ནས་ལམ་སྒྲོན་མཛད། སྐྱབས་འགྲོ་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡོད་མེད་ཡིན། གསང་བ་ཤེས་རབ་ཡེ་ཤེས་ནི་ཚངས་པར་སྤྱོད་པས་བླང་བར་མི་བྱ་ཞེས་གསུངས། འདིའི་རིང་ལོ་ཆེན་རིན་ཆེན་བཟང་པོས་དམ་ཆོས་མང་པོ་བསྒྱུར། སྐུ་ཚེའི་སྨད་ལ་པུ་ཧྲེངས་པ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་ནས་ཡུལ་དབུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་དྷི་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་དང་། མ་རྒྱུད་འགའ་ཞིག་ཀྱང་བསྒྱུར་ཡོད། མཚན་གཞན། བཙུན་པ་བྱང་ཆུབ་འོད།

{{#arraymap:ལྷ་བླ་མ་བྱང་ཆུབ་འོད་

|; |@@@ | | }}