87624
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟེན་མཆོག་ཇོ་བོ་རྣམ་སྣང་འདི་ཉིད་སྨར་ཁམས་སྒང་གི་སའི་ཆར། ལྷ་འདུས་ཞེས་པའི་གྲོང་གི་ཞིང་ས་ཞིག་ཏུ་རང་བྱུང་གི་འཁྲུངས་ཏེ་གསུང་ལན་གསུམ་བྱོན་པ་དང་ཞིང་ས་དེར་ལྷ་ཞིང་ཟེར། ལྷ་སའི་ཇོ་བོ་བཞེངས་སྐུ་ཡིན་རྣམ་པར་སྣང་མཛད་འཁྲུངས་སྐུ་ཡིན་ཞེས་ཀྱང་གྲགས། བོད་དུ་ནང་ཆོས་མ་དར་བའི་སྔ་རོལ་དུ་ཡུལ་འདིར་འཁྲུངས་པ་བཤད་ཅིང་བོན་པོ་རྣམས་ཀྱིས་བོན་པོའི་ལྷ་རུ་བཟུང་ནས་ཕྱག་མཆོད་འབུལ་ཡུལ་དུ་གྱུར། དུས་ཕྱིས་ཐང་ཐའེ་ཛུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་ས་ཆ་དེ་ཤིན་ཏུ་གཉན་པར་དགོངས་ནས། སྔར་གྱི་འཁྲུངས་སྐུར་ཉམས་གསོ་དང་འཁོར་ཉེ་སྲས་བརྒྱད། ཐང་ལུགས་ཀྱི་ལྷ་ཁང་བཅས། ལྕགས་བྱི། ཕྱི་ལོ་ ༦༤༠ ལོར་གསར་བཞེངས་མཛད། ལྷ་ཁང་དེ་བཞེངས་གྲུབ་རྗེས་ཡུལ་དེར་དྲི་བཟང་ཕྱོགས་མེད་འཐུལ་བས་ལྷ་ཁང་གི་མཚན་ལ་སྨན་དྲི་ལྷ་ཁང་ངམ་ཀོང་ཇོའི་མཐོང་གྲོལ་ལྷ་ཁང་ཞེས་གསོལ། རྟེན་མཆོག་འདི་ནི་བོད་ཡུལ་ས་གནོན་གྱི་གཙུག་ལག་ཅིག་ཏུ་གྲགས། དུས་ཡུན་འདི་དག་གི་རིང་ལ་དར་རྒུད་ཇི་སྙེད་ཅིག་བྱུང་བས་དུས་རབས་བཅུ་གཉིས་ནང་། ཤོ་དགོན་པའི་འགྲོ་མགོན་རིན་ཆེན་དཔལ་གྱིས་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་པར་ཉམས་གསོ་མཛད། ཕྱི་ལོ་ ༡༢༧༥ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་གནས་དེར་བྱོན་ནས་རབ་གནས་དང་ཉམས་གསོ་གྱ་ནོམ་པ་མཛད་དེ། གང་ཉིད་ཀྱིས་ཕྱག་བཟོ་མཛད་པའི་སློབ་དཔོན་པདྨའི་སྐུ་མི་ཚད་ཙམ་ཞིག་ཀྱང་ནང་རྟེན་དུ་བསྩལ། དུས་རབས་ཉི་ཤུ་ནང་བོད་གཞུང་མདའ་དཔོན་ཤེལ་དཀར་གླིང་པས་ཇོ་དར་རི་ལ་བོད་ལུགས་ཀྱི་སོ་ཕག་བཅོས་ནས་ཐང་ལུགས་ཀྱི་ལྷ་ཁང་འདི་བཞིན། བོད་ལུགས་ཀྱི་བསྟན་པ་སྔར་དར་གྱི་ལྷ་ཁང་ལྟར་གཙུག་ལག་ཁང་ནང་ནས་སྐོར་ར་གནང་ས་བཟོས། ཕྱི་ལོ་ ༡༩༥༩ ལོར། རིག་གནས་གསར་བརྗེའི་སྐབས་ལྷ་ཁང་འདིའི་ཕྱི་ནང་གི་བརྟེན་དང་རྟེན་པ་བཅས་པ་ཉམས་ཆགས་ཚབས་ཆེན་ཤོར། སླར་ཕྱི་ལོ་ ༡༩༧༩ ལོར། མང་ཚོགས་རྣམས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་གྱི་ལྷ་ཁང་རྒྱ་ཁྱོན་རྨིད་གྲུ་བཞི་མ་ ༡༧༠༠ དང་། སྒོ་སྲུང་རྟ་མགྲིན་དང་དབྱུག་སྔོན་ཅན་གཉིས་མ་གཏོགས་པ་གཞན་བསྐྱར་གསོ་ཐུབ་པ་བྱུང་། གནས་འདིའི་གནས་བདག་དམག་ཟོར་མའི་བསྐང་བ་ཆག་མེད་དང་རྟེན་གྱི་བདག་གཉེར་ཆེད་དཔལ་ལྡན་ལྕང་མགོ་དགོན་ནས་བླ་གྲྭ་གཉིས་རེ་ཆེད་གཏོང་མཛད་བཞིན་ཡོད། བོད་ཟླ་བཅིུག་པའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ལ་འབུམ་འགྱུར་དང་། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ་ཁྲི་འགྱུར་ཞེས་ཐག་ཉེ་རིང་ནས་མི་མང་ཕོན་ཆེ་འདུ་འཛོམས་ཀྱི་ཕྱག་མཆོད་བསྐོར་ར་གནང་བ་དང་། དཔལ་ལྡན་ལྕང་མགོ་དགོན་འདུས་སྤྱི་ཡོངས་ཀྱིས་རྟེན་མཆོག་རྣམ་སྣང་མདུན་དུ་ངན་སོང་སྦྱོང་རྒྱུད་ཀུན་རིག་ཆོ་ག་གསུང་སྲོལ་ཡོད་དོ། ། |