87676

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་རི་དགོན་ (1)
Part of speech མིང་ཚིག
Definition ལྷ་རི་བཀྲ་ཤིས་ཆོས་གླིང་ནི། སྐྱབས་རྗེ་དྲི་མེད་ཞིང་སྐྱོང་གིས་གཙང་ཆེན་རོང་དུ་གཏེར་གསར་སྤེལ་བའི་དགོན་པ་ཞིག་འདེབས་དགོས་པར་བཀའ་སྩལ་པ་ལྟར། གཙང་ཆེན་རོང་དུ་རབ་བྱུང་བཅུ་གསུམ་པའི་ས་ཕག་ལོར་ཁྱབ་བརྡལ་ལྷུན་གྲུབ་ཀྱིས་དགོན་བཏབ། ཁོང་གི་སྐུ་ཕྲེང་གཉིས་པ་དང་གསུམ་པས་བསྐྱངས་ཀྱང་དར་རྒྱས་དེ་ཙམ་ལས་མ་བྱུང་། སྐུ་ཕྲེང་བཞི་པ་སྐལ་བཟང་རྒྱ་མཚོའི་སྐབས་སུ་ནག་སྐྱབས་ཕུག་ཅེས་པའི་ལུང་པར་སྤོས། འདུ་ཁང་སོགས་རྟེན་དང་བརྟེན་པ་གསར་དུ་བཞེངས། དེའི་རྗེས་སྐུ་ཕྲེང་དྲུག་པ་ཐུབ་བསྟན་བསྟན་འཛིན་གྱིས་བསྟན་བདག་མཛད། དུས་འགྱུར་མ་བྱུང་གོང་དགོན་པ་འདིར་འདུ་ཁང་དང་གྲྭ་ཤག་ཉེར་ལྔ་ཙམ་ཡོད། ནང་རྟེན་གཙོ་བོ་ལི་གསར་ལས་གྲུབ་པའི་ཨོ་རྒྱན་གཙོ་འཁོར་གསུམ་དང་། ཀཿཐོག་ནས་གདན་དྲངས་པའི་ཇོ་བོ་དང་། བཀའ་འགྱུར་དང་རིན་ཆེན་གཏེར་མཛོད། ཟབ་ཆོས་བླ་མ་དགོངས་འདུས་པོད་བཅུ་གསུམ། སྨིན་གླིང་ཟབ་གཏེར་རིག་འཛིན་ཐུགས་ཐིག་དང་། ཟབ་དོན་སྙིང་པོ་བདེ་གཤེགས་ཀུན་འདུས། རྡོར་སེམས་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་སོགས་ཕྱག་བསྟར་མ་དང་པར་མ་མང་ཙམ་མཆིས། གསེར་ཟངས་ལས་བསྐྲུན་པའི་མཆོད་རྟེན་སོགས་ཡོད། རི་ཁྲོད་བླ་མ་བཞི་དང་བཅས་དགེ་འདུན་གྱི་ཞལ་གྲངས་ཀྱང་བདུན་ཅུ་ལྷག་ཙམ་མཆིས་ཀྱང་དུས་འགྱུར་་སྐབས་སུ་མིང་གི་ལྷག་མར་གྱུར། རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ལོར་འདུ་ཁང་དང་གྲྭ་ཤག་རྣམས་གསར་བཞེངས་བྱས། སློབ་དཔོན་གཙོ་འཁོར་གསུམ་དང་། ཟངས་གསེར་ལས་གྲུབ་པའི་གུ་རུའི་སྐུ་དང་། སྐུ་གསུང་ཐུགས་རྟེན་མང་དུ་ལྡན། སྔར་སྲོལ་བཞིན་ཟླ་བ་དྲུག་པར་ཚེས་བཅུ་དང་། བདུན་པར་བཀའ་བརྒྱད། བཅུ་པར་བླ་སྒྲུབ་བུམ་པ། བཅུ་གཉིས་པར་དགུ་གཏོར་དང་འཆམ་གྱི་སྲོལ་ཀཿཐོག་དང་ཉེ་བར་མཛད་ནས། ལྡེའུ་དང་གཙང་ཆེན་རོང་སྡེ་ཕྱེད་གཉིས་ཀྱིས་ཡོན་བདག་བྱས་ནས་ཡོད།