87706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་རྣམས་ཀྱི་ངོ་ཚ་བའི་རྒྱུ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ ཟས་ཀྱི་དུས་ན་ལྷ་གཞན་དག་གི་བདུད་རྩི་དྲི་མ་མེད་པ་རྣམས་མངོན་པར་མཐོང་ལ་རང་གི་དྲི་མ་ཅན་དང་དམན་པར་ཡང་གྱུར་པ་ཀུན་ནས་ཉེ་བ་ན་གནས་ནས་ཟ་བར་བྱེད་པ་ན་མཆོག་ཏུ་ངོ་ཚ་བ་ལྟ་བུ་སྐྱེ་བ་འདི་ནི། ལྷ་རྣམས་ཀྱི་ངོ་ཚ་བའི་རྒྱུ་དང་པོ་ཡིན་ནོ། ། ༢ གཟུགས་ཤིན་ཏུ་བཟང་བ། རྒྱན་དང་ཆ་བྱད་མཆོག་ཏུ་བཟང་བ་མང་པ། ལྷ་གཟུགས་བཟང་བའི་ལྷ་གཞན་ཉེ་བར་གནས་པ་དེ་དག་མངོན་པར་མཐོང་ནས་ལྷ་གཞན་རྣམས་ངོ་ཚ་བར་འགྱུར་བ་འདི་ནི། ངོ་ཚ་བའི་རྒྱུ་གཉིས་པའོ། ། ༣ གང་གི་ཚེ་ནམ་མཁའ་ལ་པདྨའི་ནགས་དང༌། ཉེ་བའི་ནགས་དང༌། རིའི་རྩེ་མོ་གསེར་དང༌། བཻཌཱུརྱའི་རང་བཞིན་རྣམས་ལ་རྩེད་མོ་རྩེ་བའི་དོན་དུ་ལྷ་རྣམས་གང་དག་འགྲོ་བར་བྱེད་པ་དེའི་ཚེ་ལས་ཀྱི་ཁྱད་པར་གྱིས་ཤིན་ཏུ་མྱུར་བར་འགྲོ་བར་འགྱུར་རོ། །ལྷ་གང་དག་ལས་ཤིན་ཏུ་ཆུང་བ་དེ་འགྲོ་བ་བུལ་བར་འགྱུར་རོ། །དེ་ཤུགས་དང་ལྡན་པར་འགྲོས་ཀྱིས་རྗེས་སུ་འགྲོ་བའང་མ་ཡིན་ནོ། །དེ་རང་གི་གནས་ཀྱི་ལྷ་མོའི་ཚོགས་དེ་རྣམས་ཀྱི་མདུན་དུ་ངོ་ཚ་བར་འགྱུར་བ་ནི། ངོ་ཚ་བའི་རྒྱུ་གསུམ་པ་ཡིན་ནོ། ། ༤ གང་གི་ཚེ་ལྷ་པདྨའི་རྫིང་བུ་ལ་བརྟན་པ་དེའི་ཚེ་ལྷ་གང་གིས་རྣམ་པ་ཇི་སྲིད་ཀྱི་ལས་བྱས་པར་གྱུར་པ་དེའི་རྣམ་པ་དེ་སྲིད་ཀྱི་པདྨ་འབྱུང་བར་འགྱུར་རོ། །ཁ་དོག་དང༌། དྲི་དང༌། རེག་བྱ་ཤིན་ཏུ་ཆེ་བ་དེ་དག་རྣམས་མངོན་དུ་ལེགས་པར་མཐོང་ནས་ཀྱང་ཇི་ལྟར་འཁོར་གྱི་ནང་དུ་འཇུག་པ་ན་གཙོ་བོར་གྱུར་པའི་ལྷ་རྣམས་ཤིན་ཏུ་ངོ་ཚ་བར་འགྱུར་བ་ནི། ངོ་ཚ་བའི་རྒྱུ་བཞི་པ་ཡིན་ནོ། ། ༥ ལྷ་རྣམས་སོ་སོ་ལ་ངོ་ཚ་བར་འགྱུར་བ་གང་དག་ཞེ་ན། སྟན་རྣམས་ནི་གང་དག་གིས་རྣམ་པ་ཇི་ལྟ་བུ་དག་གི་ལས་བྱས་པར་གྱུར་པའི་ལྷ་དེ་དང་དེ་དག་གི་རྣམ་པ་དེ་ལྟ་བུ་རྣམས་སུ་སྟེ། རྣམ་པ་དེ་ལྟ་བུ་ཁོ་ནའི་སྟན་རྣམས་འབྱུང་བར་འགྱུར་རོ། །དེ་ལ་གང་གིས་ཤིན་ཏུ་ལེགས་པར་བྱས་པའི་ལས་བྱས་པར་གྱུར་བ་དེ་དག་རྣམས་ལ་ནི། བཻཌཱུརྱའི་རང་བཞིན་དང༌། ཨིནྡྲ་ནཱི་ལའི་རང་བཞིན་ནམ། པདྨ་རཱ་གའི་རང་བཞིན་གྱི་སྟན་རྣམས་རབ་ཏུ་འབྱུང་བར་འགྱུར་རོ། །སྟན་དེ་དག་ལ་ལྷ་གཞན་གང་དག་འདུག་པར་བྱེད་པ་ན་ལས་རྣམས་ཉུང་བའི་ཕྱིར་ན་དེའི་ཚེ་ན་སྟན་དེའང་གསེར་དུ་འགྱུར་བའམ། དེ་ཡང་ན་དངུལ་གྱི་རང་བཞིན་དུ་འགྱུར་བའམ། དེ་ཡང་ན་ཤེལ་གྱི་རང་བཞིན་དུ་འགྱུར་རོ། །དེའི་ཚེ་སྟན་རྣམས་པར་གྱུར་པ་དེ་མངོན་པར་མཐོང་ནས་ལྕི་མོ་དང་ཡང་མོ་རྣམ་པ་སྣ་ཚོགས་པ་ཡིན་པ་ཁོ་ནས་ལྷ་དེ་དག་ཀུན་ནས་ཤིན་ཏུ་ངོ་ཚར་བར་འགྱུར་རོ། །དེ་རྣམས་ངོ་ཚ་བས་ཤིན་ཏུ་གཟི་བརྗིད་རྣམས་ཡོངས་སུ་ཉམས་པར་འགྱུར་རོ། །དེ་དག་དེ་ལྟར་ཀུན་ནས་ཉམས་པས་བཞིན་གྱི་མདངས་ཡོངས་སུ་ཉམས་པར་འགྱུར་བ་དང༌། གཞན་ཡང་ཤིན་ཏུ་རབ་གྱི་སྟོབས་དང་ལྡན་པ་དང༌། ཆེས་ལྷག་པའི་ལྷ་རྣམས་མངོན་བར་མཐོང་ནས་ལྷ་ལས་རྣམས་ཤིན་ཏུ་དམན་པའི་ལྷ་དེ་དག་ལྷ་མོ་རྣམས་ཀྱིས་ཡོངས་སུ་སྤོང་ངོ༌། །ལྷ་མོ་དེས་ལྷ་དེ་དག་ཡོངས་སུ་སྤངས་ནས་ལྷ་གཞན་རྣམས་ལ་བརྟེན་ནོ། །ལུགས་གཅིག་ཏུ་ངེས་པའི་ལྷ་མོ་དེ་དག་རྣམས་ཐམས་ཅད་ཀྱང་ལྷ་གཞན་དག་རྣམས་ལ་ཀུན་ནས་འཕོས་ནས་ཁྱད་པར་དུ་འཕགས་པའི་ལྷ་དག་དགའ་བར་བྱེད་དོ། །ལས་དམན་པའི་ལྷ་དེ་རྣམས་མཆོག་ཏུ་ངོ་ཚ་བ་ཐོབ་པར་འགྱུར་བ་འདི་ནི། ངོ་ཚ་བའི་རྒྱུ་ལྔ་པ་ཡིན་ནོ། །
Domain ཆོས་ལུགས།