87889

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མཐོང་གི་དམིགས་པས་ཚོལ་བར་བྱེད་པའི་གཞི་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ཇི་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་པ་ནི། འདིའི་དོན་ནི་འདི་ཡིན་ནོ་ཞེས་དེ་ལྟར་དོན་ཡོངས་སུ་ཚོལ་བར་བྱེད་པའོ། །ཇི་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་པ་ནི། དངོས་པོ་ནི་རྣམ་པ་གཉིས་ཏེ། ནང་གི་དངོས་པོ་དང༌། ཕྱི་རོལ་གྱི་དངོས་པོ་སྟེ། དེ་ལྟར་དངོས་པོ་ཡོངས་སུ་ཚོལ་བར་བྱེད་པའོ། ། ཇི་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་པ་ནི། མཚན་ཉིད་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་དེ། དེ་ལྟར་མཚན་ཉིད་ཡོངས་སུ་ཚོལ་བར་བྱེད་པའོ། ། ཇི་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་པ་ནི། ཕྱོགས་རྣམ་པ་གཉིས་ཏེ། ནག་པོའི་ཕྱོགས་དང༌། དཀར་པོའི་ཕྱོགས་ཏེ། ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། ། དཀར་པོའི་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཏེ། དེ་ལྟར་ཕྱོགས་ཡོངས་སུ་ཚོལ་བར་བྱེད་པའོ། །ཇི་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་པ་ནི། དུས་རྣམ་པ་གསུམ་པོ་སྟེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་ཏེ། འདི་ལྟར་འདས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །འདི་ལྟར་མ་འོངས་པའི་དུས་ན་འདི་ལྟ་བུ་ཞིག་བྱུང་བར་འགྱུར་རོ། །འདི་ལྟར་ད་ལྟ་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་ད་ལྟར་ཡོད་དོ་ཞེས་དེ་ལྟར་དུས་ཡོངས་སུ་ཚོལ་བར་བྱེད་པའོ། །ཇི་ལྟར་རིགས་པ་ཡོངས་སུ་ཚོལ་བར་བྱེད་པ་ནི། རིགས་པ་བཞི་པོ་ནི། ལྟོས་པའི་རིགས་པ། བྱ་བ་བྱེད་པའི་རིགས་པ། འཐད་པ་སྒྲུབ་པའི་རིགས་པ། ཆོས་ཉིད་ཀྱི་རིགས་པ་དང་བཞིའོ། །
Domain ཆོས་ལུགས།