88118

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་མིག་གི་མངོན་ཤེས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འཆི་བ་དང་བར་དོ་དང་སྐྱེ་བའི་སྲིད་པའི་ཁ་དོག་བཟང་ངན་ལ་སོགས་པའི་གཟུགས་ཀྱི་སྐྱེད་མཆེད་ཁོ་ན་ལ་དམིགས་པའི་སྒོམ་བྱུང་གི་མིག་གི་མངོན་ཤེས་ཏེ། དེ་ལ་ནི་ལུང་མ་བསྟན་དང་། དབང་ཤེས་དང་། སྒོམ་བྱུང་གིས་ཁྱབ་ལ། དེ་མངོན་ཤེས་ཡིན་ཀྱང་མངོན་ཤེས་དྲུག་གི་བགྲང་འདྲེན་དུ་དངོས་སུ་མེད་པ་ནི་འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་རྗེས་མཐུན་པ་ཡིན་པས་དེའི་ཁོངས་སུ་འདུ་བའི་སྒོ་ནས་ཡིན་ཏེ། མཆིམས་མཛོད་ལས། ཡང་མངོན་ཤེས་དེ་དག་ལས་ལྷའི་མིག་དང་རྣ་བའི་མངོན་ཤེས་གཉིས་ནི་ཉོན་མོངས་པ་ཅན་མ་ཡིན་ཞིང་དགེ་བ་བཞིར་ཡང་མ་འདུས་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །(དེ་དག་སྐྱེས་ཐོབ་མིན་ལ། སྦྱོར་བྱུང་ཡང་མིན་ཏེ་དེ་ནི་ཐོས་བསམ་སྒོམ་གསུམ་གྱིས་བསྡུས་ལ་དེ་ལ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་ཀ་མི་སྲིད་པས་སོ། །) དེ་དག་ཀྱང་མིག་དང་རྣ་བའི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་ནོ། །འོ་ན་དེ་དག་བསམ་གཏན་བཞི་པའི་ས་པར་མི་འགྱུར་ཏེ། གཉིས་པ་སོགས་ན་ལུས་མིག་དང༌། །རྣ་བའི་རྣམ་ཤེས་རྣམ་རིག་སློང༌། །གང་ཡིན་དེ་ནི་དང་པོར་གཏོགས། །ཞེས་འཆད་པར་འགྱུར་བས་མིག་དང་རྣ་བའི་རྣམ་ཤེས་དེ་དག་བསམ་གཏན་གཉིས་པ་ཡན་ཆད་ན་མེད་ལ། དེ་དག་མེད་པར་དེ་དག་དང་མཚུངས་ལྡན་གྱི་ཤེས་རབ་མི་འཐད་པའི་ཕྱིར་རོ་ཞེ་ན། དེ་ལྟ་མོད་ཀྱི་འོན་ཀྱང་གཟུགས་ཀྱི་ཁམས་ན་བཅུ་བཞིའོ་ཞེས་འབྱུང་བས་རྣམ་ཤེས་དེ་དག་གི་རྟེན་མིག་དང་རྣ་བའི་དབང་པོ་བསམ་གཏན་བཞི་པའང་ཡིན་པས་རྟེན་དེ་དག་གི་དབང་གིས་བསམ་གཏན་བཞི་པར་བརྗོད་དོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོད་ལས། མིག་དང་རྣ་བའི་མངོན་ཤེས་དངོས་ནི་སྒོམ་བྱུང་ཡིན་ལ་རྗེས་མཐུན་པ་ལ་སྐྱེས་ཐོབ་དང་ལས་ལས་བྱུང་བ་ཡོད་ཀྱི། སྨན་དང་སྔགས་དང་རྟོག་གེས་བྱས་པ་ནི་མེད་དོ། །ཞེས་དང་། འོ་ན། ཁྱོད་ཀྱིས་གོང་དུ་འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་ཀྱི་ཁོངས་སུ་ལྷའི་མིག་གི་མངོན་ཤེས་ཀྱང་བསྡུས་ནས་མངོན་ཤེས་དྲུག་ཏུ་འདྲེན་པ་མི་འཐད་པར་ཐལ་ལོ་ཟེར་ན། སྐྱོན་མེད་དེ་ལྷའི་མིག་གི་མངོན་ཤེས་དེ་འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་རྗེས་མཐུན་པ་ཡིན་པས་དེའི་ཁོངས་སུ་འདུ་བ་ཡིན་པའི་ཕྱིར་ཏེ། ཆོས་དེའི་ཁོངས་སུ་འདུ་ན་ཆོས་དེ་ཡིན་མི་དགོས་པའི་ཕྱིར་རོ། །ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། མིག་གི་མངོན་ཤེས་དང་། ལྷའི་མིག་གི་མངོན་ཤེས། སྒོམ་བྱུང་གི་ལྷའི་མིག་གི་མངོན་ཤེས། སྒོམ་བྱུང་གི་མིག་གི་མངོན་ཤེས་རྣམས་སོ། །
Domain ཆོས་ལུགས།

{{#arraymap:ལྷའི་མིག་གི་མངོན་ཤེས་

|; |@@@ | | }}

ལྷའི་མིག་གི་མངོན་ཤེས་ (2)
Part of speech མིང་ཚིག
Definition མངོན་ཤེས་དྲུག་པོ་གང་རུང་ཡང་ཡིན། རང་ཡུལ་དུ་གྱུར་པའི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་གྱིས་མཐོང་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ།

{{#arraymap:ལྷའི་མིག་གི་མངོན་ཤེས་

|; |@@@ | | }}

ལྷའི་མིག་གི་མངོན་ཤེས་ (3)
Part of speech མིང་ཚིག
Definition རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་བཞིའི་སེམས་དང་རང་གི་སེམས་རྟེན་དུ་གྱུར་པའི་མཉམ་གཞག་གི་སས་བསྡུས་པའི་མིག་གི་དབང་པོ་གཟུགས་ཅན་པ་གཉིས་ཀ་ལ་བརྟེན་ནས་རང་ཡུལ་དུ་གྱུར་པའི་གཟུགས་ཕྲ་རགས་ཅི་རིགས་པ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་ཤེས་པ་དེ། མིག་གི་མངོན་ཤེས་སམ། ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད་ཡིན། ས་མཚམས། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།

{{#arraymap:ལྷའི་མིག་གི་མངོན་ཤེས་

|; |@@@ | | }}