88232

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷུང་བཟེད་ལྷག་པོ་འཆང་བའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ༡ གླེང་གཞི་ནི་གཉིས་ལས་བྱུང་ལ་མ་བཅས་པ་ནི་ཉེ་དགའ་ལས་སོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་འཆང་བ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་དབང་བའི་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ ། འདི་ལ་བདུན་ལས། ལྷུང་བཟེད་ཡིན་པ་སྟེ། ལྷུང་བཟེད་ཀྱིའོ་ཞེས་སོ། །འབྲེལ་མེད་མ་ཡིན་པ་སྟེ། སྤང་བར་མི་བྱ་བ་ཉིད་དང་། བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དག་གོ་བར་ཞེས་གསུངས་པ་དང་། རང་གི་རྣམ་བཤད་ཀྱི་ལྷུང་བཟེད་འབྲེལ་མེད་ཀྱི་སྐབས་ལས་འདིར་འཆང་བའི་ཉེས་པ་བསྐྱེད་པ་མེད་དོ་ཞེས་སོ། །རུང་བ་དང་ལྷུང་བཟེད་ཀྱི་ཚད་དང་ལྡན་པ་སྟེ། རུང་བ་ཉིད་དང་ཚད་དང་ལྡན་པ་ཞེས་སོ། །གནས་སྐབས་དབང་བྱར་ཡོད་པ་དང་། རང་ཉིད་དབང་བ་ཡིན་པ་དང་། བྱིན་གྱིས་བརླབས་པ་དང་མ་འབྲེལ་ལམ་འབྲེལ་ཀྱང་ཤན་རྗེས་སུ་ཞུགས་པ་ཡིན་པ་དང་གསུམ་ནི་གོས་འཆང་བའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དོན་དུ་ལྷུང་བཟེད་འཆང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ལྷུང་བཟེད་བྱིན་རླབས་མི་བྱེད་པར་འཇོག་པ་ཉིད་ཡིན་གྱི། ལུས་ངག་ཏུ་ཐོན་པ་མི་དགོས་ཏེ་བྱ་བ་མི་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །མཐར་ཐུག་ནི་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུའི་མཚན་མོ་མཐའི་སྐད་ཅིག་མའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ༢ (ལྷུང་བཟེད་གཉིས་དང་ཞེས་པའི་)ལྷུང་བཟེད་དང་པོ་ལ་བཞི་ལས། གཞི་ལ་དངོས་པོ་ནི་རང་གི་ལྷུང་བཟེད་རུང་བ་ཚད་ལྡན་དབང་བྱར་ཡོད་པ་བྱིན་རླབས་དང་མ་འབྲེལ་བའམ་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་དང་། འབྲེལ་མེད་མ་ཡིན་པའོ། །ཀུན་སློང་རང་ཆེད་དུ་འཆང་བར་འདོད་པའོ། །སྦྱོར་བ་རང་ཆེད་དུ་འཆང་བའོ། །མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། ༣ ལྷུང་བཟེད་ལྷག་པོ་འཆང་བའོ་སྤང་ལྟུང་ནི། དགེ་སློང་གིས་ལྷུང་བཟེད་ལྷག་པོ་བྱིན་གྱིས་བརླབས་པ་དང་། གཞན་ལ་བསྔོས་པ་གང་ཡང་མ་བྱས་པར་ཞག་བཅུའི་བར་དུ་བཅང་ནས། བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་གྲུབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། ལྷུང་བཟེད་ཀྱིའོ། །ཞེས་དང་། ཞག་བཅུ་འདས་པར་ལྷུང་བཟེད་ནི། །བརྟུལ་ཤུགས་ཅན་གྱིས་བཅང་མི་བྱ། །ལྕགས་དང་ས་ལས་བྱས་པ་བཞིན། །ལྷུང་བཟེད་རྣམ་པ་གཉིས་སུ་བརྗོད། །ཅེས་གསུངས་སོ། །འདི་ནི་དྲུག་སྡེས་ལྷུང་བཟེད་གྲངས་མང་པོ་བསགས་ཤིང་ལོངས་སྤྱོད་པའི་བྱེད་པ་མེད་པར་འཆང་བ་ན་གཞན་དག་མ་དད་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:ལྷུང་བཟེད་ལྷག་པོ་འཆང་བའི་སྤང་ལྟུང་

|; |@@@ | | }}