8844

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་ལ་མི་བསྟན་པའི་གསང་བ་བཅུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གཞན་ལ་མི་བསྟན་པའི་གསང་བ་བཅུ་ནི། སྣོད་མ་ཡིན་པའི་གང་ཟག་ལ་དུས་དང་རྣམ་པ་ཀུན་ཏུ་གསང་བ་དང་། སྣོད་ལྡན་ནའང་གསང་སྔགས་ཀྱི་དབང་མ་ཐོབ་པ་དག་ལ་གསང་བར་བྱ་བའི་དམ་ཚིག་སྟེ། དེ་དག་ལ་སེམས་ཀྱིས་བསྟན་པར་མི་བསམ་ཞིང་། ངག་གིས་བརྗོད་པར་མི་བྱ་བར། ལུས་ཀྱིས་རྣམ་པ་ཐམས་ཅད་དུ་སྦས་ནས་སྤྱད་པར་བྱ་བའི་དམ་ཚིག་ཏུ་གསུངས་པའི་གསང་བ་བཅུ་སྟེ། སྤྱི་གསང་བཞི་དང་། བར་གསང་བཞི། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་བཅས་བཅུ་སྟེ། ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་གདམས་པ་བཅུ། །ཞེས་དང་། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་པ་དང་། རྔམ་ཀློག་ལས། སྣོད་མ་ཡིན་པའི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང། །སྣོད་དང་ལྡན་པ་རྣམས་ལ་ཡང་། །དབང་མ་ཐོབ་པར་བཤད་པ་མིན། །ཞེས་དང་། སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ལུས་ཀྱིས་ཐམས་ཅད་སྦས་ལ་སྤྱད། །ངག་གིས་རྡོ་རྗེའི་ལྕེ་ཡོད་ཀྱང་། །བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །གཞན་ལ་མི་བསྟན་པའི་དམ་ཚིག་བཅུ་པོ་འདི་དག་ལ་གསང་བའི་དམིགས་རྣམ་པ་བཅུ་ཞེས་ཀྱང་གྲགས་ཏེ། དཀོན་ཅོག་འགྲེལ་ལས། སྔོན་གྱི་མཁན་པོ་རྣམས་ཀྱིས་གསུངས་པའི་རང་བཞིན་གྱི་གསང་བ་དང་། གབ་པའི་གསང་བ་དང་། སྦས་པའི་གསང་བ་དང་། གཞན་ལ་མི་བསྟན་པའི་གསང་བ་ཞེས་བྱ་བ་རྣམ་བཞིར་ཕྱེས་ནས་གསུངས་པའང་(གབ་སྦས)དེར་འདུས་པའི་ཕྱིར་རོ། །ཞེས་དང་། གཞན་ལ་མི་བསྟན་པའི་གསང་བ་ལ་ཡང་། གསང་བའི་ཡུལ་དམ་མེད་པ་དང་། དམ་མ་འདྲེས་པ་དང་། དམ་ཉམས་པ་རྣམས་ལ་གསང་བའི་དམིགས་སྤྱི་གསང་བཞི། བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གཉིས་ཏེ་རྣམ་པ་བཅུ་པོ་འདི་དག་མི་བསྟན་པ་སྟེ། འདི་དག་ནི་གཞན་ལ་མི་བསྟན་པའི་གསང་བའོ། །ཞེས་དང་། སྤྱིར་གསང་སྔགས་ཀྱི་ཚིག་ཐམས་ཅད་ཀྱང་ཕྱིར་གྱུར་པ་རྣམས་ལ་སྨྲ་བར་བྱ་བ་མ་ཡིན་མོད་ཀྱི། ཁྱད་པར་དུ་ནི་སྤྱི་གསང་བཞི། བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གཉེར་གཏད་པ་གཉིས་ཏེ་གསང་བའི་དམིགས་རྣམ་པ་བཅུ་ནི་ཤིན་ཏུའང་གསང་བར་བྱའོ། །ཞེས་བླ་མ་རྣམས་ཀྱི་མན་ངག་ནས་གསུངས་སོ། །ཞེས་གསུངས།
Domain ཆོས་ལུགས།